39933

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགོ་བའི་གོས་དང་སྟན་ (1)
Part of speech མིང་ཚིག
Definition དེ་ཡང་ཚོགས་ཀྱི་འཁོར་ལོའི་ཚེ་རྣལ་འབྱོར་ཕོ་མོ་རྣམས་གདན་ཇི་ལྟ་བུ་ལ་གནས་པ་འཆད་པ་ནི། བརྟག་གཉིས་ལས། རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་ཉིད། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། རོ་གདན་དང་། སྟག་ལྤགས་དང་། དུར་ཁྲོད་ཀྱི་རས་གདན་གསུམ་ལས། དང་པོ་ནི། རོ་དངོས་མ་ཉམས་པ་སྨན་ལ་སོགས་པའི་བྱུག་པས་པགས་པ་མ་རུལ་བར་བྱས་ནས་ལེགས་པར་བསྐམས་ཏེ། དེ་ཉིད་སླར་ཡང་བྱེ་མ་རློན་པ་སོགས་ལ་ཅུང་ཟད་སྤངས་ནས། དབྱུག་པའི་ཐོ་བ་འཇམ་པོས་རུས་མགོ་རྣམས་ཀྱི་ཐད་ནས་རིམ་པ་བཞིན་བརྡུངས་ནས། ནང་གི་རུས་པ་སོགས་ཕྱེ་མར་གྱུར་པ་འོག་གི་ལམ་ནས་འཐོན་པར་འབྱུང་ལ། ཐམས་ཅད་འཐོན་ཟིན་ནས་ལེགས་པར་འཇམ་པོར་གྱུར་གྱི་བར་དུ་བྱི་དོར་བྱས་པ་དེ་ཉིད་གདན་དུ་བྱའོ། །ཞེས་འཆད་དོ། །དེ་བཞིན་དུ་སྟག་ལྤགས་ཡན་ལག་མ་ཉམས་པ་མཉེན་པོར་བྱས་པ་དང་། རོ་རས་ལ་ནི་མི་རོ་བྲིས་པའོ་ཞེས་བླ་མ་དག་གིས་འཆད་དེ། དེ་དག་ཀྱང་མགོ་བོ་གཡས་སུ་བསྟན་པའོ། །ལྷའི་ན་བཟར་མ་ཟད་ཀྱི། རྣལ་འབྱོར་པས་ཚོགས་ཀྱི་འཁོར་ལོ་དང་སྤྱོད་པ་དང་བགེགས་ལ་བཀའ་བསྒོ་བའི་ཆས་འཇུག་སོགས་ཀྱི་ཚེའང་། བརྟག་གཉིས་ལས། བགོ་བ་སྟག་གི་པགས་པ་ཉིད། །ཅེས་གསུངས་པ་སོགས་སྟག་ལྤགས་བགོ་བར་གསུངས་པ་ཤིན་ཏུ་མང་སྟེ། དེ་ནི་མགོ་གཡས་སུ་བསྟན་ནས་སྨད་དཀྲིས་སུ་བྱས་པ་ཡིན་ལ། ཀུན་སྤྱོད་ལས། སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། །པགས་པའི་གོས་ནི་འཛིན་པའི་མཆོག ། རོ་གདན་གྱི་དག་པ་ནི་ཁོ་བོས་བརྟག་གཉིས་ཀྱི་རྣམ་བཤད་དུ་རྒྱས་པར་བཤད་ཟིན་ལ། སྟག་ལྤགས་ཀྱི་སྨད་གཡོགས་ཀྱིས་ཉོན་མོངས་པ་རྣམ་པར་སྦྱོང་བ་མཚོན་པར་གཞུང་དུ་མ་ལས་བཤད་དོ། །