39968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བགྲང་ཕྲེང་ (1)
Part of speech མིང་ཚིག
Definition རྡོག་པོ་མང་པོ་སྐུད་པ་དང་ཐག་པ་སོགས་ལ་བརྒྱུས་པའམ་གཅིག་རྗེས་གཅིག་བསྒྲིགས་པའི་དངོས་པོ་ཞིག སྔགས་ལ་སོགས་པའི་གྲངས་ཀ་བགྲང་བྱེད་ཅིག་སྟེ། སམྦུཊི་ལས། ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་མཚན་ཉིད་དེ། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པར་བགྲང་བར་བྱ། །གུར་ཀུམ་ལ་སོགས་དྲི་སྤོས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རི་ལུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀ་ཤ་དང་ལུང་ཐང་དང་། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙི་ནི་ལས་ཀུན་བྱེད། །ཅེས་གསུངས། གྲངས་ནི། ཁ་སྦྱོར་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པར་བརྒྱད། །མངོན་སྤྱོད་ལ་ནི་དྲུག་ཅུ་ཉིད། །ཁྱད་པར་དུ་ནི་ལས་ལ་སྦྱོར། །ཞེས་གསུངས། གང་ལ་བརྒྱུད་པའི་སྲད་བུ་ནི། ཁ་སྦྱོར་ལས། ཕྱོགས་དང་མཚམས་ནི་བརྒྱད་རྣམས་ཀྱི། །དབུས་སུ་དགུ་པ་སངས་རྒྱས་ཀྱི། །ལྷ་ནི་དགུ་སོགས་སྲད་བུ་ལ། །ལྷ་དགུ་བྱིན་གྱིས་བརླབ་པར་བྱ། །ཞེས་སྲད་བུ་དགུ་སྒྲིལ་བྱས་པ་ཙམ་ལས་རྒྱུ་གང་ལས་བྱ་བ་སོགས་རྒྱས་པར་མ་གསུངས་ཤིང་། གདན་བཞི་ལས། འཁལ་མཁན་གྱི་ཁྲད་པར་ནི། གཟུངས་སོགས་ཤིན་ཏུ་མཛེས་པ་དང་། །གཙང་ཤིང་དྲན་ལྡན་སྙན་པར་སྨྲ། །དེ་ཡིས་བཀལ་བའི་བགྲང་ཕྱེང་གིས། །གྲོལ་བའི་དངོས་གྲུབ་སྐྱེ་བར་འགྱུར། །ཞེས་གསུངས། སྡོམ་འབྱུང་ལས། ཇི་ལྟར་ལས་ཀྱི་ཁྱད་པར་གྱིས། །བགྲང་ཕྲེང་སྲད་བུ་དག་ཀྱང་བྱ། །བོང་བུ་རྔ་མོང་སྤུ་དག་ནི། །བྱ་རོག་སྒྲོ་དང་བསྲེས་པ་ཡི། །རེངས་དང་བསྐྲད་པའི་ལས་དག་ལ། །དེ་ཡི་སྲད་བུ་བརྒྱུ་བར་བྱ། །རྟ་དང་མ་ཧེ་སྤུ་ཡིས་ནི། །དབྱེ་བའི་བགྲང་ཕྲེང་སྲད་བུའོ། །ཁྱི་སྤུ་དང་ནི་བསྲེས་པ་ཡི། །དུར་ཁྲོད་སྐྲ་ཡི་སྲད་བུ་ཡིས། །དྲག་པོའི་ལས་ལ་སྦྱར་བར་བྱ། །དེ་ཡི་སྲད་བུ་རབ་ཏུ་བསྔགས། །གཞོན་ནུ་མས་བྱས་སྲད་བུ་ཡིས། །དགེ་བའི་ལས་ལ་བརྒྱུ་བར་བྱ། །ཞེས་སྲད་བུའི་ཁྱད་པར་ཞིབ་པར་གསུངས།