40136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅས་པའི་ཁ་ན་མ་ཐོ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བཅས་པའི་ཁ་ན་མ་ཐོ་བ། །བཅས་པ་ཕྱིན་ཆད་ལྟུང་བར་འགྱུར། །ཞེས་ས་པཎ་ཀུན་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །བཅས་ལྡན་རབ་བྱུང་གིས་ཆང་འཐུང་བ་དང། ཕྱི་དྲོ་དུས་རུང་གི་ཟས་བཟའ་བ་སོགས་བཅས་པ་ཕལ་ཆེར་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་པས་སོ། །བཅས་པའི་ཁ་ན་མ་ཐོ་བ་ནི་རབ་བྱུང་མ་གཏོགས་ཁྱིམ་པ་ཕལ་པས་སྤང་མི་དགོས་ཏེ། རབ་ཏུ་བྱུང་ཞིང་བསླབ་པ་བཅས་ཕྱིན་ཆད་ལྟུང་བ་འབྱུང་བར་འགྱུར་གྱི། མ་བཅས་པ་ལ་ལྟུང་བ་མི་འབྱུང་བའི་ཕྱིར། ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །བསྙེན་པར་རྫོགས་པའི་རྒྱུད་གྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་གི་རིགས་ལ་ཉོན་མོངས་ཅན་ཡང་སྲིད། ལུང་མ་བསྟན་ཡང་སྲིད་པ་དེ་བཅས་རྐྱང་གི་མཚན་ཉིད་དོ། །བཅས་པ་རྐྱང་པ་ཅན། མེ་ལ་རེག་པའི་ལྟུང་བྱེད་ལྟ་བུའོ། །དགེ་སློང་གི་རྒྱུད་ཀྱི་མི་བསད་པའི་ལྟུང་བ་ཡན་ལག་ཚང་བ་དེ་རྣམ་སྨིན་སྡུག་བསྔལ་འབྱིན་པའི་ཆ་ནས། རང་བཞིན་དང། སངས་རྒྱས་ཀྱིས་བཅས་པ་དང་འགལ་བའི་ཆ་ནས་བཅས་ལྟུང་དུ་བཞག་པའི་ཕྱིར། དེའི་ཕྱིར་ལྟུང་བ་ལ་བཅས་ལྟུང་གིས་ཁྱབ་པ་ཡིན་པས་ན། རང་བཞིན་དང་འབྲེལ་བའི་བཅས་ལྟུང་དང། བཅས་རྐྱང་གི་ལྟུང་བ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་དཔྱད་པར་བྱ་བ་ཡིན་གྱི། འདི་ལ་མུ་བཞི་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ལ་བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པའི་མུ་ནི། ཁྱིམ་པའི་རྒྱུད་ཀྱི་སྡིག་པ་རྣམས་སོ། །ཅིག་ཤོས་ཡིན་ལ་དེ་མ་ཡིན་པ་ནི་བཅས་པ་རྐྱང་པ་ཅན་གྱི་ལྟུང་བ་རྣམས་སོ། །གཉིས་ཀ་ཡིན་པ་ནི་ཕམ་པ་བཞི་བོ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། དགེ་སློང་མ་ཟླ་མོའི་ཁ་ན་མ་ཐོ་བ་འཆབ་པ་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །ཉོན་མོངས་པ་ཅན་དང། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཅི་རིགས་པས་ཀུན་ནས་བསླངས་ཤིང་བཅས་ལྡན་ཁོ་ནའི་རྟེན་ལ་ལྟུང་བར་འགྱུར་བ་དེ་བཅས་པའི་ཁ་ན་མ་ཐོ་བའི་མཚན་ཉིད། མཚན་གཞི་ནི་བཅས་ལྡན་རབ་བྱུང་གིས་ཆང་འཐུང་བ་དང། ཕྱི་དྲོའི་ཁ་ཟས་ཟ་བ་དང། སྐྱེ་བ་གཅོད་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་སྲོག་གཅོད་སོགས་ནི་ཁྱིམ་པས་སྤྱད་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་ཁོ་ན་དང་བཅས་ལྡན་རབ་བྱུང་གིས་སྤྱད་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་ཀ་ཡིན། ཆང་འཐུང་བ་སོགས་ནི་དགེ་བསྙེན་མ་ཡིན་པའི་ཁྱིམ་པ་ཕལ་མོ་ཆེས་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད། དགེ་བསྙེན་དང་བཅས་ལྡན་རབ་བྱུང་གིས་སྤྱད་ན་བཅས་རྐྱང་གི་ཁ་ན་མ་ཐོ་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།