40308
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྫོགས་ཆེན་གྱི་གཞུང་ནས་བསྟན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཏེ། དུས་གསུམ་རྒྱལ་བའི་ངོ་བོ་ཉིད་དུ་བསྟན་པའི་སྟོན་པ་གཙོ་བོ་ཞིག་ཡིན། མཚན་གྱི་རྣམ་གྲངས་ལ། ངོ་བོའི་ཆ་ནས་དུག་ལྔ་རྣམ་པར་དག་པའི་བདག་ཉིད་ཡིན་པས་ཀུན་ཏུ་བཟང་པོ་དང་། ཡོན་ཏན་གྱི་ཆ་ནས་འཁོར་འདས་ཀྱི་ཆོས་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་འདུས་པས་ན་འདུས་པའི་ཚོགས་ཆེན་དང་། གཞན་ཡང་། རྒྱུད་གཞུང་ཁག་ནས་འདིའི་མཚན་ལ། ཐུགས་ཀྱི་ཐུགས། བཅོམ་ལྡན་འདས་དགྱེས་པ་ཆེན་པོ། རྒྱལ་ཀུན་སྤྱི་གཟུགས། བདེ་བ་ཆེན་པོ། རྡོ་རྗེ་སྙིང་པོ། དམ་པ་དང་པོ། ཐོག་མའི་སངས་རྒྱས། གདོད་མའི་མགོན་པོ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་སྣ་ཚོགས་སུའང་གྲགས་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། མཚན་གྱི་སྒོ་ནས་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བ་གསུངས་ཏེ། དུག་ལྔ་རྣམ་པར་དག་པའི་ངོ་བོ། ཡང་ན་དུས་ཀྱི་ངོ་བོས་ཀྱང་ཀུན་ཏུ་བཟང་པོའོ། །ཡོན་ཏན་གྱི་སྒོ་ནས་ནི་འདུས་པའི་ཚོགས་ཆེན་ཞེས་བྱ་བ་གསུངས་ཏེ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ལ་རྫོགས་པར་གནས་པས་ན་དེ་སྐད་ཅེས་བྱའོ། །ཞེས་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐེག་པའི་སྒོ་ནས་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པའི་ཕྱིར་རོ། །ཞེས་དང་། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་དེ་ཉིད་དྲག་པོ་འཇིགས་བྱེད་ཆེན་པོ་འདུལ་བའི་ཕྱིར། སྤྲུལ་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཐར་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་ཚད་དང་ལྡན་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་སོགས་པ་བཅུད་ཀྱི་འགྲོ་བ་ཐམས་ཅད་ཀྱང་སྐྱི་བུང་བྱེད་པའི་ཡེ་ཤེས་ཀྱི་མེ་དཔུང་འཇིག་པའི་དུས་ལྟར་འབར་བར་བྱེད་པའི་དཔལ་ཁྲག་འཐུང་ཆེན་པོའི་ཆ་ལུགས་ཀྱིས་རུ་དྲ་ཆེན་པོ་དབང་དུ་བྱ་བའི་ཕྱིར། ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། སྒྱུ་འཕྲུལ་རྩ་བའི་དཀྱིལ་འཁོར་རྫོགས་པར་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་སྟེ། དེའི་མཚན་གྱི་རྣམ་གྲངས་ལ། བདེ་བ་ཆེན་པོ། རྡོ་རྗེ་སྙིང་པོ། དམ་པ་དང་པོ། གདོད་མའི་མགོན་པོ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའོ། །སྟོན་པ་དེས་རང་སྣང་ལྷུན་སྟུག་པོ་བཀོད་པའི་རིགས་ལྔ་སེམས་དཔའ་བརྒྱད་ལ་སོགས་པའི་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་འདི་ཉིད་མི་ནུབ་ཅིང་འགྲོ་བ་ལ་ཕན་གདགས་པའི་ཕྱིར་བརྟན་པར་གཟུང་ཞིག་ཅེས་པ་འདི་ཆེད་དུ་བརྗོད་ཅིང་ཁྱད་པར་དུ་རིག་པའི་སེམས་དཔའ་གསང་བདག་ལ་གདམས་པར་མཛད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |