40643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་མེད་ཀྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། བདག་མེད་གཉིས་ཀྱི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་རགས་པ་ཙམ་བཅད་ནས། དཔྱད་དོན་དེ་ཉིད་སྙིང་པོར་དྲིལ་ནས་ཉམས་སུ་ལེན་ན། གནས་དབེན་པར་དཀོན་མཆོག་ལ་ཕྱག་དང་མཆོད་པ་བྱས་ཏེ་ཚོགས་བསགས། ལྟ་བ་ཟབ་མོ་རྒྱུད་ལ་སྐྱེ་བར་གསོལ་བ་བཏབ། བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམ་སྙམ་པའི་སེམས་སྐྱེད་ལ། བདག་ཏུ་འཛིན་པའི་གཞིར་གྱུར་པའི་རང་ལུས་འདི་ཅི་འདྲ་ཞིག་ལ་ཟེར་བ་ཡིན། ཤ་ཁྲག་རུས་གསུམ་ཚོགས་པ་འདི་ཡིན་ན། ཤ་ནི་རུས་པའི་དྲྭ་བས་སྦྲེལ་བ་ཙམ་མ་གཏོགས་སྙིང་པོ་མ་མཆིས་པའི་རྡུལ་ཕྲན་སོ་སོ་བ་ཡིན། ཁྲག་རྣམས་ནི་སྨིག་རྒྱུའམ་ལྦུ་བ་རྡོས་པ་དང་ཆོས་མཚུངས་པས་ལུས་རང་བཞིན་གྱིས་སྟོང་པར་འདུག་སྙམ་དུ་ངེས་ཤེས་བསྐྱེེད། ལུས་གཟུགས་ཅན་འདི་བདེན་པར་མེད་ན་སེམས་དང་ཚོར་བ་སོགས་ཁ་དོག་དབྱིབས་ངོས་བཟུང་དང་བྲལ་བས་གང་དུ་ཡང་བདེན་པར་མི་འདུག་སྙམ་དུ་ངེས་ཤེས་བསྐྱེད་པ་དེའི་ངང་ལ་ཅི་གནས་འཇོག ལུས་སོགས་ཕུང་པོ་རང་བཞིན་གྱིས་མ་གྲུབ་ན་གཞི་མེད་ལ་ངའོ་སྙམ་དུ་འཛིན་པའི་ཡུལ་འདི་ག་ལ་གྲུབ། བག་ཆགས་འཁྲུལ་བས་བསླད་པ་ཙམ་དུ་འདུག་སྙམ་དུ་ང་རང་བཞིན་མེད་པའི་ངང་ལ་ལྷོད་དེ་འཇོག རྗེས་ལྟ་བ་དེའི་ངང་ནས་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་འདེབས་བྱེད། འགྲོ་འཆག་ཉལ་འདུག་གི་གནས་སྐབས་ཀུན་ཏུ་ཡང་། ཕུང་པོ་དང་ང་ལ་བདེན་འཛིན་བཤིག་ནས་དེ་དག་རང་བཞིན་མེད་པའི་དྲན་འདུན་དང་མ་བྲལ་བར་བྱེད་ཅིང་། ཆགས་སྡང་སྐྱེ་བའི་ཡུལ་དགྲ་གཉེན་དུ་སྣང་བ་དང་བདེ་སྡུག་སོགས་ཅི་བྱུང་ཡང་རྨི་ལམ་སྒྱུ་མ་ལྟ་བུར་བལྟས་ལ་སྤང་བླང་གི་ཞེན་པ་ཨ་འཐས་མི་བྱའོ། །བསྒོམ་པ་དེ་ལ་བོག་དབྱུང་བའི་ཕྱིར། ད་དུང་ཐོས་བསམ་གྱི་ཤེས་རབ་ཟབ་མོ་བསྐྱེད་པའི་ཆེད་དུ་དབུ་མའི་བཀའ་དང་བསྟན་བཅོས་རྣམས་ཀློག་པ་དང་། གཞན་ལ་ཉན་པ་དང་། དེ་དག་གི་དོན་ལ་བསམ་མནོ་དང་། ཁྱད་པར་རྩ་འཇུག་བཞི་གསུམ་དང་རིགས་པ་དྲུག་ཅུ་པ་ནས་བཤད་པའི་རིགས་པའི་གནད་རྣམས་ལ་ཡང་ནས་ཡང་དུ་རྟོག་དཔྱོད་ཀྱིས་བསམ་མནོ་ནན་ཏན་དུ་བྱས་ལ། ཡང་ལྟ་བ་བསྒོམ་པ་ལ་འཇུག བར་སྐབས་སུ་སྡིག་པ་བཤགས་པ་ལ་སོགས་པའི་སྒོ་ནས་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་དང་། མཆོད་པ་ལ་སོགས་པའི་སྒོ་ནས་ཚོགས་གསོག་པ་ཡང་ལན་མང་དུ་བྱའོ། །ཐོག་མར་གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་བདེན་མེད་དུ་གཏན་ལ་ཕབ་ནས། དེའི་རྗེས་སུ་གང་ཟག་བདེན་མེད་དུ་རྟོགས་སླ་བ་དང་། གོ་རིམ་དེ་ལྟར་བློ་ཡུལ་དུ་འཆར་བདེ་བའི་གདུལ་བའི་རིགས་ཅན་རྣམས་ལ་བསྒོམ་ཚུལ་དེ་ལྟར་ལེགས་སོ། །ཡང་ཐོག་མར་གང་ཟག་གི་བདག་མེད་བསྒོམ་ནས་དེའི་རྗེས་ལ་ཆོས་ཀྱི་བདག་མེད་བསྒོམ་པ་ཡང་གསུངས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།