40672

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ལྟ་བ་བསྐྱེད་པའི་ཆེད་དུ་ཕུང་པོ་གང་ཟག་གི་བདག་མེད་པར་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་ཚོགས་ལམ་གྱིས་བསྡུས་པའི་མངོན་རྟོགས། ས་མཚམས། ཐེག་ཆེན་ཚོགས་ལམ་དུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་ཆོས་ཀྱི་བདག་མེད་པར་རྟོགས་པའི་སྣོད་རུང་དུ་བྱ་བའི་ཕྱིར་རམ། ཉོན་མོངས་པའི་འཆིང་བ་གནོན་པའི་ཕྱིར་དུ་བསྒོམ་དགོས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ལ་གསུམ་ལས། དང་པོ་བསམ་བྱུང་གི་རིགས་པ་ནི། ཉེར་ལེན་གྱི་ཕུང་པོ་ནི་བདག་གིས་སྟོང་སྟེ། སྐྱེ་བ་དང་འཇིག་པའི་ཕྱིར་བུམ་སོགས་བཞིན་ནོ། །གཉིས་པ་བསྒོམ་བྱུང་གི་རྣལ་འབྱོར་ནི། བདག་དེས་དབེན་པའི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་པ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། སྒྲོ་འདོགས་བཅད་པའི་དོན་ལ་ཡང་དང་ཡང་དུ་བསྒོམ་པའོ། །གསུམ་པ་བསྒོམས་པའི་འབྲས་བུ་ནི། བདག་མེད་དོ་སྙམ་དུ་བསྒོམས་པས། བསྒོམས་པའི་སྟོབས་གྲུབ་པ་ན་ཉོན་མོངས་ཀྱི་རྩ་བ་ཕུང་པོ་ལ་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་བའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།