40785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་ནི། སྟོང་པ་ཉིད་ཀྱི་རང་བཞིན་པས་སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་ཀྱང་བདག་ཉིད་སྐྱབས་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་བྱམས་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དང་པོའོ། ། ཆོས་ཐམས་ཅད་ནི། མཚན་མ་མེད་པའི་རང་བཞིན་པས་མཚན་མ་མེད་པའི་རྣམ་པར་ཞུགས་ཀྱང་ཡོངས་སུ་ཐར་པར་བྱེད་པས། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གཉིས་པའོ། ། ཆོས་ཐམས་ཅད་ནི། སྨོན་པ་མེད་པའི་རང་བཞིན་པས་སྨོན་པ་མེད་པའི་རྣམ་པར་ཞུགས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་སྐྱེ་བ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གསུམ་པའོ། ། ཆོས་ཐམས་ཅད་ནི། འདོད་ཆགས་དང་བྲལ་བའི་རང་བཞིན་པས་འདོད་ཆགས་དང་བྲལ་བའི་རྣམ་པར་ཞུགས་ཀྱང་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ། ། ཆོས་ཐམས་ཅད་ནི། ཞེ་སྡང་དང་བྲལ་བའི་རང་བཞིན་པས་ཞེ་སྡང་དང་བྲལ་བའི་རྣམ་པར་ཞུགས་ཀྱང་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ལྔ་པའོ། ། ཆོས་ཐམས་ཅད་ནི། གཏི་མུག་དང་བྲལ་བའི་རང་བཞིན་པས་གཏི་མུག་དང་བྲལ་བའི་རྣམ་པར་ཞུགས་ཀྱང་གཏི་མུག་ལ་སྤྱོད་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དྲུག་པའོ། ། ཆོས་ཐམས་ཅད་ནི། ཀུན་ནས་ཉོན་མོངས་པ་མེད་པའི་རང་བཞིན་པས་ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པར་ཞུགས་ཀྱང་ཀུན་ནས་ཉོན་མོངས་ཅན་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བདུན་པའོ། ། ཆོས་ཐམས་ཅད་ནི། སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རང་བཞིན་པས་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་རྣམ་པར་ཞུགས་ཀྱང་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་སྤོང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བརྒྱད་པའོ། ། ཆོས་ཐམས་ཅད་ནི། ངང་མཉམ་ཞིང་བྱེ་བྲག་མེད་པའི་རང་བཞིན་པས་ངང་མཉམ་ཞིང་བྱེ་བྲག་མེད་པའི་རྣམ་པར་ཞུགས་ཀྱང་ཐེག་པ་ཆེན་པོའི་བསམ་པ་ཡོངས་སུ་མི་འདོར་བར་སེམས་ཅན་རྣམས་ལ་ཐེག་པ་གསུམ་རྣམ་པར་དགོད་པའི་ཆོས་སྟོན་པ་འདི་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དགུ་པའོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པའང་མི་གནས་ལ། བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད། རྩོམ་པ་ཐམས་ཅད་དང་ཡང་བྲལ་ལ་སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བའི་རྩོམ་པའང་མི་འདོར། སྤྱོད་པ་ཐམས་ཅད་ལས་ཀྱང་ཤིན་ཏུ་འདས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཀྱང་མི་ལྡོག་པ་འདི་ནི། བྱང་ཆུབ་སེམས་དཔའི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཅུ་པའོ། །བཅུ་པོ་འདི་དག་ནི། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རབ་ཏུ་སྦྱོར་ན། བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་རོ། །
Domain ཆོས་ལུགས།