41209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་པ་གཉིས་སུ་གྲངས་ངེས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གང་ཞིག་ཤེས་པར་བྱ་བའི་གཞི་དེ་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ལ་བདེན་གཉིས་ཀྱི་གྲངས་ངེས་ཞེས་ཟེར། གཉིས་པ་དབྱེ་བའི་སྒོ་ནས་གྲངས་ངེས་སྒྲུབ་པ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་གྱི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་འདོམས་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་དང། གོང་དུ་དྲངས་པར་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད། ཅེས་གསུངས། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་ཕལ་ཆེར་རིགས་པས་ཀྱང་འགྲུབ་སྟེ། བདེན་གཉིས་ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པའི་ཕྱིར་ཏེ། བསླུ་མི་བསླུ་ཕན་ཚུན་སྤངས་ཏེ་གནས་པའི་དངོས་སུ་འགལ་བའི་ཕྱིར་ཏེ། བུམ་པ་རྫུན་པ་བསླུ་བའི་དོན་དུ་ཡོངས་སུ་གཅོད་ན་དེ་བདེན་པ་མི་བསླུ་བའི་དོན་དུ་རྣམ་པར་བཅད་པའི་ཕྱིར། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལྟ་བུ་སྟེ། དབུ་མ་སྣང་བ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོགས་པ་ཡང་རིགས་པ་མིན་ནོ། །ཞེས་དང། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི། རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་དག་ནི། ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ནོ། །དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་ལྟ་བུ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདེན་པ་གཉིས་སུ་གྲངས་ངེས་པ་

|; |@@@ | | }}

བདེན་པ་གཉིས་སུ་གྲངས་ངེས་པ་ (2)
Part of speech མིང་ཚིག
Definition དབུ་མ། འདིར་དངོས་འགལ་གྱི་མཐའ་རྣམ་པར་དཔྱོད་པ་ལ་གཉིས་སུ་ངེས་ཏེ། འདི་ལྟར་བློ་འཁྲུལ་མ་འཁྲུལ་གཉིས་དངོས་འགལ་ཡིན་ལ། དེའི་བར་ན་གཉིས་ཀ་ཡིན་པ་སྒྲུབ་ཕྱོགས་དང་། གཉིས་ཀ་མ་ཡིན་པའི་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་མི་སྲིད་པས་བདེན་པ་གཉིས་སུ་གྲངས་ངེས་སོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། མཐར་ཐུག་བདེན་པ་གཉིས་སུ་དབྱེར་མེད་པས་གྲངས་ངེས་བྱར་མེད། གདུལ་བྱའི་ངོར་ཕྱེ་སྟེ་བསྟན་པའི་ཚེ། ཡུལ་ཅན་གྱི་བློ་ལ་རྨོངས་མ་རྨོངས་སོགས་གཉིས་སུ་གྲངས་ངེས་པའོ། །ཡུལ་གྱི་གཟུགས་སོགས་ཀྱི་སྣང་བ་གཅིག་ཉིད་ལའང་མ་དཔྱད་པའི་བློ་ངོར་དེ་དང་དེར་བདེན་པ་དང་། དཔྱད་ན་མི་རྙེད་པ་གཉིས་སུ་ངེས་པའོ། །བྱེད་པའི་སྒོ་ནས་འཆིང་བར་བྱེད་པ་དང་། གྲོལ་བར་བྱེད་པ་གཉིས་སུ་ངེས་པའོ། །ནུས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པའི་གཞིར་གྱུར་པས་སྐུ་གཉིས་ཐོབ་པ་གཉིས་སུ་ཞུགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །

{{#arraymap:བདེན་པ་གཉིས་སུ་གྲངས་ངེས་པ་

|; |@@@ | | }}