42250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བར་འབྲོག་ཆུ་བཟང་སྐུ་ཕྲེང་བཞི་པ་མི་ཕམ་ཡེ་ཤེས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ལ་སྟོད་ཕ་དྲུག་སྔོན་ལུང་དུ། ཡབ་དཔལ་རྒྱས་རྡོ་རྗེ་དང༌། ཡུམ་ལྷུན་གྲུབ་དབང་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ ༡༧༥༢ ལོར་འཁྲུངས། རྒྱལ་དབང་བདུན་པ་དང་། ཡོངས་འཛིན་བཞི་པ་རྣམ་གཉིས་དགོངས་པ་རྩེ་མཐུན་གྱིས། གོང་མའི་ཡང་སྲིད་དུ་ངོས་བཟུང༌། དགུང་གྲངས་དྲུག་པར་གདན་ས་ལྷ་སྡིངས་སུ་ཁྲི་གསོལ་དང༌། རྒྱལ་དབང་མཆོག་གི་དྲུང་དུ་གཙུག་ཕུད་ཕུལ། མཚན་མི་ཕམ་ཡེ་ཤེས་རྒྱ་མཚོ་མཆོག་གི་སྡེར་བསྩལ། དགུང་ལོ་བདུན་པར། དབུས་སུ་ཕེབས་ནས། དཔལ་འབྲུག་པའི་སྤྱན་སྔར། ཀླུ་སྡིངས་སུ་ལོ་གསུམ་དང༌། བདེ་ཆོས་སུ་ལོ་ངོ་གསུམ་ཙམ་བཅས་བཞུགས་ནས། ཡི་གེ་འབྲི་ཀློག་ནས་བཟུང་དཀྱིལ་འཁོར་བྲི་ཐིག གར་འཆམ་གདངས་དབྱངས། རོལ་ཚིགས་སོགས་མཐར་ཕྱིན་མཛད། ཁྱད་པར་སི་ཏུ་པཎ་ཆེན་གྱི་ཞལ་སློབ། དྲུང་སུ་ཙི་ར་པའི་མདུན་ནས་སྒྲ་སྙན་ངག རྩིས་དཀར་ནག་སོགས་རིག་གནས་ཀུན་ལ་སྦྱངས་པ་མཛད་པས། སྒྲ་ཀ་ལཱ་པ་དང༌། སྙན་ངག་མེ་ལོང་མ་ལ་བཀའ་བབ་པ་ཡིན་གསུངས། རྒྱལ་དབང་འབྲུག་པའི་ཞལ་སྔ་ནས། རང་ལུགས་འབྲུག་པའི་དཀྱིལ་ཆོག་མང་པོའི་དབང་དང་ལུང་ཁྲིད་སོགས་ལེགས་པར་ཐོབ། རྗེ་འཇམ་དཔལ་དཔའ་བོའི་དྲུང་དུ་གཙུག་ཕུད་ཕུལ། མཚན་མི་ཕམ་འཇམ་དབྱངས་གྲུབ་པའི་བློ་གྲོས་ཞེས་གནང༌། རྗེ་དེ་ལས་ཐོག་མར་འཇམ་དཀར་གྱི་དབང་ནས་བཟུང་དབང་ལུང་ཁྲིད་སོགས་མང་དུ་གསན། གདན་ས་བདེ་ཆོས་དང༌། ཙ་རི། ལ་སྟོད་ལྷོ་བྱང་གི་གནས་རྣམས་སུ་སྐུ་མཚམས་བཅད་ནས་སྔོན་འགྲོ་བཞི་སྦྱོར་ནས་བཟུང་ཉམས་བཞེས་གནང་། རྒྱལ་དབང་བརྒྱད་པའི་བཀའ་བཞིན་དགུང་ལོ་སོ་དྲུག་ནས། ཞེ་བཞིའི་བར་ཙ་རི་རྡོར་འཛིན་གྱི་གོ་སར་བཞུགས་ཏེ། ཙ་རིའི་ཕྱོགས་ཀྱི་སྡེ་དགོན་ཀུན་གྱི་ཐུགས་འགན་ཆ་ཚང་བཞེས་པ་ལེགས་གྲུབ་བྱུང༌། གདན་ས་ཆེན་པོ་ར་ལུང་གི་གདན་འཛིན་མཛད། དེར་ཞེ་བདུན་ནས་ང་བརྒྱད་བར་གདན་སའི་འཛིན་སྐྱོང་གནང་བའི་རིང༌། རྒྱ་རས་གཟིམས་སྤྱིལ་ཉམས་གསོ། གཙུག་ལག་ཁང་གསར་བཞེངས་དང་ཞིག་གསོ། ཆོ་ག་དུ་མ་གསར་འཛུགས། སྤོས་སྐྱའི་སྒྲུབ་སྡེར་ཕྱག་ཆོས་ཀྱི་ཁྲིད་གནང་བ་སོགས་བསྟན་པ་ལ་བྱ་བ་རླབས་ཆེ་གནང༌། གདན་འཛིན་གསར་པ་སྡེ་དཔལ་ལྡན་སོགས་ལ་རྩིས་འབུལ་ལེགས་པར་མཛད་དེ། སྐུ་ཚེ་སྨད་དུ། ལ་སྟོད་རང་དགོན་ལྷ་སྡིངས་དང༌། བད་ལྷས་བསམ་གཏན་ཆོས་གླིང༌། བར་འབྲོག་ཆུ་བཟང་བྱང་ཆུབ་གླིང༌། ལྷ་ལུང་སོགས་སུ་བཞུགས་ཤིང༌། ཇོ་བཙུན་མང་པོར་འབྲུག་པའི་ཟབ་ཆོས་རྣམས་ཅི་དགར་བསྟན། རང་སློབ་བླ་མ་ཀུ་ཐང་པ། ལྷོ་དགོན་རྣམས་ཀྱི་གདན་ས་པ་བསྐོས། བླ་ཆུང་བཀའ་བརྒྱུད་བསྟན་སྐྱོང་བྱང་དགོན་རྣམས་ཀྱི་གདན་ས་པ་བསྐོས་ཏེ། ལ་སྟོད་ཆུ་བཟང་དགོན་མ་ལག་བཅས་དང༌། རྒོད་ཚང༌། མངོན་དགའ། ཟུར་ཕུག ངམ་ཕུག་དགོན་སོགས་ཀྱི་བསྟན་པ་འཛིན་སྐྱོང་ཡང་མཛད་པའི་མཐར། དགུང་ལོ་རེ་བཞི་པ་ཤིང་ཕག་ ༡༨༡༥ ལོའི་ས་ག་ཟླ་བའི་ཚེས་བཅུ་བདུན་ལ་གཤེགས། སློབ་མ་ཡང་བླ་མ་ཀུ་ཐང་པ། བླ་ཆུང༌། བླ་མ་འབྲུག་རྒྱས། ལྷ་སྡིངས་ཨ་ཁུ་བཀའ་བརྒྱུད་བསྟན་དར། སྒྲུབ་བརྒྱུད་ཆོས་བཟང༌། སྒྲུབ་བརྒྱུད་བསྟན་འཛིན། སྒྲུབ་བརྒྱུད་ཉི་མ། བུ་ཀུན་དགའ། ཨེམ་དགེ་ལེགས་ཡོན་ཏན་སོགས་མང་ངོ༌། །

{{#arraymap:བར་འབྲོག་ཆུ་བཟང་སྐུ་ཕྲེང་བཞི་པ་མི་ཕམ་ཡེ་ཤེས་རྒྱ་མཚོ་

|; |@@@ | | }}