42834

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡར་བཏགས་པའི་ཆོས་མངོན་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དོན་དམ་པའི་ཆོས་མངོན་པ་ཐོབ་པའི་ཕྱིར་ཞུགས་པའི་ཟག་པ་དང་བཅས་པའི་ཤེས་རབ་རྗེས་འབྲང་དང་བཅས་པ་སྟེ། སྐྱེས་ཐོབ་དང། ཐོས་བྱུང་། བསམ་བྱུང་གསུམ་ནི་ལམ་མ་ཞུགས་ནས་སྦྱོར་ལམ་ཆོས་མཆོག་མན་ཆད་ན་ཡོད་ཅིང་། སྒོམ་བྱུང་ནི་ཚོགས་སྦྱོར་ཁོ་ནས་བསྡུས་སོ། །སྐྱེས་ཐོབ་ནི་ཁམས་གསུམ་ཆར་ན་ཡོད་ཅིང། སེམས་རྟེན་ས་དགུ་ཀ་ལ་བརྟེན། ཐོས་བྱུང་ནི་འདོད་གཟུགས་གཉིས་ན་ཡོད་ཅིང་གཟུགས་མེད་ན་མེད་དེ། སྒྲ་ཉན་པ་མེད་པའི་ཕྱིར་དང་། གང་ཟག་ཕན་ཚུན་ཡུལ་དུ་མི་འགྱུར་པའི་ཕྱིར། སེམས་རྟེན་ནི་འདོད་པ་དང་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན། བསམ་བྱུང་ནི་འདོད་པ་ཁོ་ནར་ཡོད་དེ། ཁམས་གོང་ན་སེམས་ལོང་མེད་པར་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། སེམས་རྟེན་ཁམས་གསུམ་ས་དགུ་ལ་བརྟེན། སྒོམ་བྱུང་ནི་ཁམས་གསུམ་ཆར་ན་ཡོད་ཅིང། སེམས་རྟེན་བསམ་གཏན་དང་པོའི་ཉེར་བསྡོགས་ནས་སྲིད་རྩེའི་བར་བརྒྱད་ལ་བརྟེན། དང་པོ་གསུམ་ནི་ཕུང་པོ་བཞི་པ་ཅན་ཡིན་ལ། སྒོམ་བྱུང་ནི་ཕུང་པོ་ལྔ་པ་ཅན་ཡིན་ཏེ། བསམ་གཏན་གྱི་སྡོམ་པ་གཟུགས་ཅན་ཡོད་པའི་ཕྱིར། དེ་རྣམས་ཆོས་མངོན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མངོན་པ་མཚན་ཉིད་པ་དེའི་རྒྱུ་ཡིན་པའི་ཕྱིར། བཏགས་པ་ལ་དགོས་པ་ཡོད་དེ། མངོན་པ་མཚན་ཉིད་པ་དེ་ཐོབ་པར་འདོད་པས་ཁྱོད་ལ་འཇུག་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་བརྗོད་བྱར་སྟོན་པ་ལ་བཀའ་དང་བསྟན་བཅོས་གཉིས། དེ་ཡང་མདོ་སྡེ་པས་ཚིག་ཡིན་པས་གཟུགས་ཕུང་དང་། བྱེ་བྲག་ཏུ་སྨྲ་བས་མིང་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་འདོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། དོན་དམ་པའི་ཆོས་མངོན་པ་ཐོབ་པའི་ཐབས་སུ་གྱུར་པའི་ཟག་བཅས་ཀྱི་ལམ་དང་། མངོན་པ་མཚན་ཉིད་པ་ཐབས་དང་བཅས་པ་བརྗོད་བྱའི་གཙོ་བོར་བསྟན་པའི་གཞུང་ཚིག་གང་རུང་གིས་བསྡུས་པའི་ཆོས་སོ། །ཞེས་དང་། ལམ་མངོན་པ་ལ་འཇིག་རྟེན་པའི་སྐྱེས་ཐོབ་དང། ཐོས་བྱུང་། བསམ་བྱུང་། སྒོམ་བྱུང་གི་ཤེས་རབ་དང་བཞི། གཞུང་མངོན་པ་ལ་བཀའ་དང་བསྟན་བཅོས་གཉིས་ལས་དང་པོ་ནི་མངོན་པ་སྡེ་བདུན་ལྟ་བུ། གཉིས་པ་བྱེ་བྲག་བཤད་མཛོད་ཆེན་མོ་དང་བསྟན་བཅོས་མངོན་པ་མཛོད་ལྟ་བུའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།