42988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྩོན་འགྲུས་གྲགས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཆུ་ཡོས་ཕྱི་ལོ ༡༡༢༣ ལོར་སྐྱིད་ཤོད་ཚ་བ་གྲུ་གདུང་སྣ་ནམ་ཞང་དུ་ཡབ་རྡོ་རྗེ་སེམས་དཔའ་དང་། ཡུམ་ཡག་མོ་མང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དར་མ་གྲགས་ཞུ། དགུང་ལོ་དྲུག་པར་ཡབ་ཀྱི་དྲུང་ནས་ཡི་གེའི་སྦྱོར་ཀློག་དང་། སྐྱབས་འགྲོ་སེམས་བསྐྱེད་སྦྱངས། དགུ་ནས་བཅོ་བརྒྱད་བར་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལོ་ངོ་གསུམ་རིང་འདྲེའི་མཐུ་བསྒྲུབས། ཁམས་སུ་བྱོན། ཉེར་དྲུག་པར་མཁན་པོ་རྒྱ་སྟོན་མཁར་མགོ་བ་ལས་བསྙེན་པར་རྫོགས། མཚན་ལ་བརྩོན་འགྲུས་གྲགས་པ་ཞེས་གསོལ། དཔལ་ཆེན་རྒྭ་ལོ་ལས་ཕྱག་ཆེན་གྱི་གདམས་ངག་མ་ལུས་ཞུས། དབུས་ས་ཕེབས། རྗེ་སྒོམ་ཚུལ་ལས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་ངོ་གཟིགས་ནས་ཆོས་ཀྱི་གནས་ལུགས་མཁྱེན། ཡིན་ངེས་ཀྱི་བླ་མ་བཞི་དང་། ཆོས་ཐོབ་ཀྱི་བླ་མ་སོ་དྲུག་བཅས་ཡོད། རྗེ་སྒོམ་ཚུལ་གྱི་ལུང་བསྟན་ལྟར་གུང་ཐང་གི་གཙུག་ལག་ཁང་དང་། རྟེན་གྱི་ལྷ་ཆེན་བཞེངས། བདེ་མཆོག་གི་ཕོ་བྲང་གཟིགས་སར་ཡང་དགོན་པ་གསར་འདེབས་མཛད། འབུམ་མོ་ཆེ་རྨང་བཏིང་། རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ ༡༡༩༣ ལོར་སྐུ་གཤེགས། ཚལ་བ་བཀའ་བརྒྱུད་ཀྱི་ལུགས་སྲོལ་ཐོག་མར་བཏོད་མཁན་ཡིན། སློབ་མ་གྲགས་ཆེ་བ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་ར་བ་ཤཱཀྱ་འོད་བཅས་ཡིན།
Synonyms འགྲོ་བའི་མགོན་པོ།