43476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་ (1)
Part of speech མིང་ཚིག
Definition མདོ། སེམས་མ་གཡེང་བར་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་སེམས་དང་སེམས་བྱུང་ཞིག་ལ་ཟེར། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྒྱུ་སྙོམས་འཇུག་གི་བསམ་གཏན་དང། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་ཡོད། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་འཇོག་བྱེད་ནི། བསམ་གཏན་དངོས་གཞིའི་སྙོམས་འཇུག་གང་ཞིག རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བས་བསྡུས་པ། ཞེས་དང། འབྲས་བུ་སྐྱེ་བའི་བསམ་གཏན་གྱི་འཇོག་བྱེད་ནི། སྐྱེ་བ་གཞན་དུ་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་པའི་རྣམ་སྨིན་དང་། རྒྱུ་མཐུན་འབྲས་བུ་གང་རུང་གིས་བསྡུས་པ། ཞེས་གསུངས། མཐའ་དཔྱོད་ལས་ཀྱང་དེ་གཉིས་ཀྱི་མཚན་ཉིད་ནི་སྤྱི་དོན་དང་མཐུན་པར་གསུངས།
Domain ཆོས་ལུགས།

{{#arraymap:བསམ་གཏན་

|; |@@@ | | }}

བསམ་གཏན་ (2)
Part of speech མིང་ཚིག
Definition དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་རབ་ཏུ་ཕྱེ་བའི་རིག་པ་བསམ་གཏན་གྱི་ངོ་བོ་ཡིན། དབྱེ་ན། ངོ་བོའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན། བྱེད་ལས་ཀྱི་སྒོ་ནས་མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན། ཡོན་ཏན་མངོན་པར་འགྲུབ་པའི་བསམ་གཏན། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་རྣམས་སུ་ཡོད། མྱུར་དུ་སངས་རྒྱས་ཐོབ་པར་འདོད་པས། བསམ་གཏན་ལ་བསླབ་དགོས་པའི་རྒྱུ་མཚན་ཡོད་དེ། བསམ་གཏན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཀུན་གྱི་འབྱུང་གནས། རྣམས་གཡེང་ནི་ཉེས་སྐྱོན་ཀུན་གྱི་འབྱུང་གནས་ཡིན་པའི་ཕྱིར།

{{#arraymap:བསམ་གཏན་

|; |@@@ | | }}

བསམ་གཏན་ (3)
Part of speech མིང་ཚིག
Definition སེམས་མ་གཡེངས་ཤིང་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པར་རྩེ་གཅིག་ཏུ་གནས་པ་སྟེ། དེ་ནི་ངེས་པའམ་གཏན་ལ་དབབ་པ་དེ་ལྟ་བུའི་རྒྱུ་ལས་ཐེག་པ་ཆེ་ཆུང་གི་ཤེས་རབ་ཚད་མ་ཐམས་ཅད་འབྲས་བུར་འབྱུང་བས་ན་བསམ་གཏན་ལ་དབབ་པའི་ཕྱིར་བསམ་གཏན་ཞེས་བྱའོ། །ཡང་ན་མི་རྟག་པའམ་སྟོང་པ་ལ་སོགས་པ་ལྟ་བུ་གཅིག་ལ་བསམ་པའི་གཏན་པ་བཅས་ཏེ་བསྒོམས་པས་ན་བསམ་གཏན་ཞེས་བྱའོ། །དེ་ཡང་མཛོད་རང་འགྲེལ་ལས། བསམ་གཏན་ཞེས་བྱ་བའི་དོན་ཅི་ཞེ་ན། འདིས་སེམས་པར་བྱེད་པས་ན་བསམ་གཏན་ཏེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པའི་ཕྱིར་རབ་ཏུ་ཤེས་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། སྐད་ཀྱི་བྱིངས་འདི་ནི་སེམས་པའི་དོན་ཡིན་ལ། སེམས་པ་ཡང་ཤེས་རབ་ཡིན་ནོ་ཞེས་གྲུབ་པའི་མཐའ་ལས་བྱུང་ངོ། །བསམ་གཏན་རྣམ་གཉིས་ཀྱི་དབྱེ་བས་མདོར་བསྟན་པ་སྟེ། རྒྱུའི་བསམ་གཏན་དང་སྐྱེ་བའི་བསམ་གཏན་ནོ། །དེ་ཡང་བསམ་གཏན་དང་པོ་ནས་བཞི་པའི་བར་རོ། །མིང་གི་རྣམ་གྲངས་ལ་མཉམ་འཇོག་དང༌། ཏིང་འཛིན། རྣལ་འབྱོར། ཞི་གནས་བཅས་སོ། །བསམ་གཏན་འདི་དག་གི་ལུས་རྟེན་ནི། རང་གི་ས་པའི་ལུས་རྟེན་དང་འོག་སའི་ལུས་རྟེན་ཡིན་ལ། གོང་དུ་སྐྱེས་པ་དེ་ལ་རང་ས་ན་མཆོག་ཡོད་པས་འོག་མ་མངོན་སུམ་དུ་མི་བྱེད་དེ་དམན་པའི་དགོས་པ་མེད་པའི་ཕྱིར་རོ། །བསམ་གཏན་དག་གི་དམིགས་པ་ནི། བསམ་གཏན་ཉོན་མོངས་ཅན་རོ་མྱང་བ་དང་མཚུངས་པར་ལྡན་པ་རྣམས་ནི་རང་གི་ས་པའི་སྲིད་པ་ལ་དམིགས་སོ། །སྲིད་པ་སྨྲོས་པ་ནི་ཟག་པ་དང་བཅས་པའི་དངོས་པོ་གཟུང་ངོ་། །འདོད་ཆགས་དང་བྲལ་བའི་ཕྱིར་འོག་མ་ལ་ཡང་མི་དམིགས་སོ། །ས་རྣམས་ནི་སྲིད་པས་ཡོངས་སུ་བཅད་པའི་ཕྱིར་འོག་མ་ལ་ཡང་མི་དམིགས་སོ། །ས་རྣམས་ནི་སྲིད་པས་ཡོངས་སུ་བཅས་པའི་ཕྱིར་གོང་མ་ལ་ཡང་མ་ཡིན་ནོ། །དགེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཟག་པ་མེད་པ་ལ་ཡང་མ་ཡིན་ནོ། །དགེ་བའི་བསམ་གཏན་དག་པ་དང་། ཟག་མེད་པའི་བསམ་གཏན་དེའི་དམིགས་པ་ནི་འདུས་བྱས་སམ་འདུས་མ་བྱས་གང་ཅི་ཡོད་ཀྱང་རུང་བ་ཐམས་ཅད་ཡིན་ནོ། །

{{#arraymap:བསམ་གཏན་

|; |@@@ | | }}

བསམ་གཏན་ (4)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་ཏེ། སྣ་ཚོགས་གཟུགས་ཞེས་པ་རྟགས་བཅུ་རྫོགས་ཏེ་ཁམས་གསུམ་གྱི་གཟུགས་བརྙན་སྣ་ཚོགས་སྣང་བའི་མིང་ཡིན་པ་ནི། དབང་མདོར་བསྟན་ལས་ཀྱང། སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཏེ། དེ་ལྟ་བུའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་བསམ་གཏན་གྱི་ངོ་བོ་སྟེ། ཡུལ་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་ཤེས་པ་ནི། སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་དང། དེ་རྣམས་མཐོང་བའི་ཤེས་པ་རྣམས་གནས་ཚུལ་ལ་གདོད་མ་ནས་ངོ་བོ་གཅིག་ཡིན་ཀྱང། སོར་སྡུད་ཀྱི་རིམ་པའི་སྐབས་སུ་ཐ་དད་གཉིས་སྣང་ཅན་དུ་མཐོང་བ་ལས། སྐབས་འདིར་བསམ་གཏན་གྱི་ཡན་ལག་དངོས་གཞིའི་ཉམས་རྟོགས་སྐྱེས་པ་ན། གཉིས་སྣང་གི་སྒྲིབ་པ་ཅུང་ཟད་བསྲབས་པས། བསམ་གཏན་གྱི་རིམ་པའི་མཉམ་བཞག་གི་སྐབས་ན་སྟོང་གཟུགས་དང་རིག་པ་རོ་གཅིག་ཏུ་འདྲེས་པའི་ཉམས་མྱོང་ཤར་བའི་དོན་ཡིན་ལ། སྐབས་འདིར་སྤྱི་ལྡོག་ནས་སྟོང་གཟུགས་དང་རིག་པའི་སྟེང་དུ་གཉིས་སྣང་མངོན་གྱུར་པ་སྤངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཉིས་སྣང་མངོན་གྱུར་པ་ཡོད་པ་དང། རོ་གཅིག་ཏུ་མྱོང་བའི་ཚུལ་གྱིས་རྟོགས་པ་ཡང་མི་འགལ་ལོ། །དེ་ལྟར་བསམ་གཏན་བསྒོམས་པའི་བྱེད་ལས་ལ་ཕྱི་རོལ་གྱི་དངོས་པོ་རྣམ་པར་སྤོང་བ་སྟེ། སྟོང་གཟུགས་ཕྱི་རོལ་དོན་དུ་མེད་པར་མྱོང་བས་དྲངས་པའི་ངེས་ཤེས་སྐྱེ་བའང་ཡིན་ལ། དེར་མ་ཟད་དེ་ལ་བརྟེན་ནས་ལས་སྣང་ཁམས་གསུམ་པོ་ཐམས་ཅད་ཕྱི་རོལ་ཏུ་གྲུབ་པ་མེད་པ་ལ་ཡིད་ཆེས་བརྙེད་ཅིང། མན་ངག་ལས་སྣང་བའི་སྟེང་དུ་འོད་གསལ་བཟུང་བས་སྟོང་གཟུགས་སྣང་བའི་མཐུ་ལས་མ་དག་པའི་སྣང་བ་ཡང་ཡང་འགོག་པར་བྱེད་པ་ཡང་འདིས་གསལ་བར་བསྟན་པ་ཡིན་ནོ། །དེས་ན་སོར་སྡུད་ཀྱི་སྐབས་སུ། རྟགས་བཅུ་ཁམས་གསུམ་གྱི་གཟུགས་བརྙན་དང་བཅས་པ་ཆ་ཚང་ཞིག་སྔར་མ་མཐོང་བ་མཐོང་བར་བྱས་པ་ཡིན་ལ། བསམ་གཏན་གྱི་སྐབས་འདིར་ནི་མཐོང་ཟིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ། ཡན་ལག་འདི་གཉིས་ཀར་ཡང་རྣམ་པར་མི་རྟོག་པ་ཁོ་ནའི་ལྡོག་ཆ་ནས་བསྒོམ་པ་གཙོ་ཆེ་ཞིང། སྤྱིར་ཡན་ལག་ཕྱི་མ་རྣམས་ཀྱང་རང་གི་ངོ་བོ་མི་རྟོག་པའི་ལམ་ཁོ་ན་ཡིན་མོད་ཀྱི། རླུང་དང་ཐིག་ལེའི་རྣལ་འབྱོར་གྱི་ལྡོག་ཆ་ནས་བསྒོམ་པ་སོགས་གཙོ་ཆེ་བར་འཇོག་གོ །

{{#arraymap:བསམ་གཏན་

|; |@@@ | | }}