43548
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟུགས་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ནས་བསམ་གཏན་བཞི་པའི་དངོས་གཞི་བར་གྱི་བསམ་གཏན་ས་རྣམས་སོ། །འདིར་ནི་ཉེར་བསྡོགས་ཀྱང་བསམ་གཏན་དུ་བརྗོད་དེ། དཔེར་ན་གྲོང་འདི་ན་སཱ་ལུའི་ཞིང་ཡོད་དོ་ཞེས་གྲོང་གི་ཉེ་འཁོར་ལ་ཡང་གྲོང་ཞེས་བརྗོད་པ་བཞིན་ནོ། །འདོད་པའི་ལྷ་རྣམས་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་ནི་བསམ་པ་ལས་སྐྱེས་པའི་སྡོམ་པ་ཡོད་ཀྱི་གཟུགས་མེད་ན་ནི་མེད་དེ། རང་ས་ན་གཟུགས་མེད་པའི་ཕྱིར་དང་། འོག་མར་ཐོབ་པ་དག་ཀྱང་ས་འཕོས་པས་གཏོང་བའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་དེ་སེམས་རྗེས་འབྲང་སྟེ། སེམས་གཞན་དང་ལྡན་པ་དང་། སེམས་མེད་པ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་དགུ་དག་ཏུ་སྐྱེས་པར་བསམ་གཏན་གྱི་སྡོམ་པ་དེ་མི་ལྕོགས་པ་མེད་པ་ལ་སྤོང་བའི་སྡོམ་པ་ཞེས་བྱ་སྟེ། དེ་གཉིས་ཀྱི་འཆལ་པའི་ཚུལ་ཁྲིམས་དང་། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །བསམ་གཏན་གྱི་སྡོམ་པ་དང་ལྡན་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ཏེ། དེས་ནི་སྐད་ཅིག་མ་དང་པོ་ལའང་ཚེ་རབས་གཞན་དག་ཏུ་བཏང་བའི་བསམ་གཏན་གྱི་སྡོམ་པ་འདས་པ་ཐོབ་བོ། །སྡོམ་པ་དེ་ལྡན་མཉམ་པར་བཞག་པ་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་གནས་པ་དེ་ལའང་། ད་ལྟར་གྱི་རྣམ་རིག་མིན་པ་གཉིས་དང་ལྡན་གྱི་ལངས་པ་དག་ནི་མ་ཡིན་ནོ། །རེ་ཞིག་སྡོམ་པ་དང་སྡོམ་མིན་ལ་གནས་པ་འདོད་པ་རྣམས་ཀྱི་གཏམ་ནི་དེ་ལྟ་བུའོ། །དེའི་ཐོབ་བྱེད་ཀྱི་རྒྱུ་ནི། བསམ་གཏན་གྱི་དངོས་གཞིའི་ས་པའམ། ཉེར་བསྡོགས་ཐོབ་པ་ཉིད་ཀྱིས་བསམ་གཏན་གྱི་སྡོམ་པ་འཐོབ་སྟེ། ལྷན་ཅིག་འབྱུང་བ་ཡིན་ཕྱིར་རོ། ། དེ་གཏོང་ཚུལ་ནི། བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། གོང་མ་འོག་ཏུ་སྐྱེས་པ་སྟེ་ས་འཕོས་པའམ་སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་དང་། རིས་མཐུན་པ་བཏང་བ་དག་གིས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ། ། |
| Domain | ཆོས་ལུགས། |