43561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསམ་གཏན་དང་པོ་གཉིས་ཀྱི་ཕན་ཡོན་ཡན་ལག་གི་བདེ་བ་ (1)
Part of speech མིང་ཚིག
Definition བསམ་གཏན་དང་པོ་གཉིས་ཀྱི་ཕན་ཡོན་ཡན་ལག་གཉིས་ཀྱི་ཡ་གྱལ་ཞིག་སྟེ། བསམ་གཏན་དེ་གཉིས་ཀྱི་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཞེས་བརྗོད་ལ། དེ་གཉིས་ལ་ཚོར་བ་བདེ་བ་མི་སྲིད་དེ། ཚོར་བ་བདེ་བ་ལ་ལུས་སེམས་ཀྱི་ཚོར་བ་གཉིས་ལས་མེད་ཅིང་། དེ་ལུས་ཚོར་བ་ནི་མ་ཡིན་ཏེ། སྙོམས་པར་ཞུགས་པ་ལ་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་རོ། །སེམས་ཚོར་ཡང་མ་ཡིན་ཏེ། ཡན་ལག་དགའ་བ་ཞེས་པ་བགྲངས་ཟིན་པའི་ཕྱིར་དང་། དགའ་བ་ནི་ཡིད་བདེ་ཡིན་ན་བདེ་བ་དང་ཡིད་བདེ་གཉིས་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །དེ་གཉིས་རྣམ་གྲངས་ཀྱི་ཡན་ལག་ཡིན་པར་ཡང་མི་རིགས་ཏེ། ཡན་ལག་ལྔ་ཞེས་ཚོགས་པ་གཅིག་ལ་འབྱུང་བར་བཤད་པའི་ཕྱིར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ། །དེ་ལ་དཔེ་སྟོན་པ་རྣམས་ན་རེ། བསམ་གཏན་དེ་དག་ལ་སེམས་ལས་བྱུང་བའི་བདེ་བ་ཁས་མི་ལེན་པས་ལུས་ཀྱི་བདེ་བ་ནི་འདོད་པ་དང་བསམ་གཏན་དང་པོའི་ས་པ་མ་ཟད་ཀྱི་གཉིས་པ་དང་གསུམ་པའི་ས་པའང་ལུས་བདེ་ཁོ་ན་ཡན་ལག་ཏུ་བཞག་གི་ཤིན་ཏུ་སྦྱངས་པ་ལ་བདེ་བའི་མིང་གིས་བསྟན་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་བཞི་པའི་ཤིན་ཏུ་སྦྱངས་པ་ཡང་བདེ་བར་སྟོན་པར་ཐལ་བར་འགྱུར་ལ། གལ་ཏེ་བདེ་བའི་ཚོར་བ་དང་མཐུན་པའི་ཤིན་ཏུ་སྦྱངས་པ་དགོས་ན་གསུམ་པའི་ཤིན་ཏུ་སྦྱངས་པ་ལ་ཡང་ཐལ་བར་འགྱུར་ཞེས་ཟེར་རོ། །འོ་ན་ལམ་གྱི་ཚོགས་ཀྱི་མདོ་ལས། བདེ་བའི་དབང་པོ་གང་ཞེ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པས་རེག་པ་ལ་ལུས་ཀྱི་དང་སེམས་ལས་བྱུང་བའི་ཚོར་བ་ཚོར་བའི་རྣམ་པ་བདེ་བ་སིམ་པ་སྐྱེ་བ་དང་གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྡེ་གཞན་ཐམས་ཅད་ཀྱི་གཞུང་ལས་ལུས་ཀྱི་ཚོར་བ་ཞེས་པ་ཁོ་ན་འབྱུང་བས་སེམས་ལས་བྱུང་བའི་ཞེས་པ་ནི་འགའ་ཤས་སྒྲོ་བཏགས་པ་ཡིན་པའི་ཕྱིར་དང་། མདོ་ལས་ཀྱང་བདེ་བ་ལུས་ཀྱིས་མྱོང་ལ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ནི་ཡིད་ཀྱི་ལུས་ཀྱིས་ཞེས་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་བདེ་བ་ཡིད་ཀྱིས་མྱོང་ལ་ཞེས་གསུངས་པས་ཆོག་གི་ལུས་ཀྱིས་ཞེས་གསུངས་པ་ལ་དགོས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །
Domain ཆོས་ལུགས།