4378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲ་འབྲུག་ (1)
Part of speech མིང་ཚིག
Definition བོད་ཀྱི་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཁྲ་འབྲུག་ཆུས་ཁྲ་འབྲུག་གྲོང་ཚོའི་ཁོངས་སུ་ཡོད། དེ་ནི་ཕྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་གྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་བགེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། དེ་ཡང་སྲིན་མོའི་དཔུང་པ་གཡོན་གནོན་ཆེད་གཡོན་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ལྷ་ཁང་ངམ་བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཡོ་རུ་གཙུག་ལག་ཁང་དེ་ཉིད་བཞེངས་པར་གྲགས། ལྷ་ཁང་དེའི་རྟེན་གཙོ་བོ་སྔོན་ཆད་སྒྲོལ་མ་གསུང་བྱོན་མ་དང་བལ་ཡུལ་ནས་གདན་དྲངས་པའི་ཉེ་སྲས་བརྒྱད་ཀྱི་སྐུ་སོགས་བཞུགས། (ཁྲ་འབྲུག་ཅེས་པ་ནི་སྔོན་ཡུལ་འདིར་མཚོ་ཞིག་ཡོད་པ་དེར་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་གིས་ཀླུ་འདུལ་མཛད་པས་ནམ་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་སྒྲོག་པ་ཞིག་བྱུང་ཞིང་དེ་ནས་བཟུང་ཡུལ་ལ་ཁྲ་འབྲུག་དང་ལྷ་ཁང་དེ་ལ་ཡང་ཁྲ་འབྲུག་ཅེས་གྲགས་པ་ཡིན། ) ད་ལྟ་ཉམས་གསོ་གནང་བའི་རྒྱལ་བ་རིགས་ལྔའི་ལྷ་ཁང་ནང་སྔོན་གྱི་རྡོ་སྐུར་ཉམས་གསོ་ཞུས་པ་རྣམས། གསར་བཞེངས་སྒྲོལ་མ་གསུང་འབྱོན་དང་ཉེ་སྲས་བརྒྱད། རྩེ་ཚོགས་པའི་མུ་ཏིག་གི་ཞལ་ཐང་། ཡར་ཀླུང་ཤེལ་བྲག་གི་གུ་རུ། རྒྱ་བཟའི་ཕྱག་བཟོ་ཐུབ་དབང་འཐག་གྲུམ་མ། མཁའ་འགྲོ་འབུམ་གྱི་དབུ་སྐྲས་བཞེངས་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྐུ་ཐང་སོགས་ཡོད།