44135
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགའ་ལ་བྲམ་ཟེ་དབྱར་ཚུལ་གྱིས་གོས་ཀྱི་རིན་ཀར་ཤ་པ་ན་བསྐུར་བ་དེ་སྤོས་འཚོང་གི་ཁྱེའུ་ལ་གཏད་ཅིང་ཧ་ཅང་བརྟུན་ངས་པས་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཧ་ཅང་བརྟུན་ངས་པས་གཞན་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་ཞིང་ཕོ་ཉ་བས་ཞལ་ཏ་བ་ལ་གཏད་པའི་དངོས་པོ་དེ་བསྐུལ་བ་དང་བསྡད་པ་དྲུག་ལས་ལྷག་པར་བླངས་པའམ། མ་ལྷག་ཀྱང་སྦྱིན་བདག་གི་སེམས་བསྡུ་བར་ཁས་མི་ལེན་པ་ལས་བླངས་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཚན་གཞི་ནི། དགེ་སློང་གིས་ཆོས་གོས་ཀྱི་རིན་པོ་ཆེ་གང་ཡང་རུང་བ་ཞལ་ལྟ་པ་ལ་གཏད་ནས་སླར་གོས་འདོད་པ་ན་ཞལ་ལྟ་བ་ལ་བསྐུལ་བ་གསུམ་དང་བསྡད་པ་གསུམ་ལས་ལྷག་པ་བྱས་ནས་གོས་ཐོབ་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། བསྒོ་ཞིང་སྨྲས་པ་བྱུང་བའི་མཐའ་རྗེས་བརྗོད་པ་སྔར་བྱས་པའི་ཞལ་ལྟ་བྱེད་པ་ལ་བསྐུལ་བར་གྱུར་ནའོ། །གོ་བར་མ་ནུས་པ་ཉིད་ན་བསྐུལ་བ་ཉིད་མ་ཡིན་ནོ། །མ་གྲུབ་ན་ལན་གཉིས་སུ་ཡང་ངོ་། །ལན་གསུམ་དུ་ཡང་ངོ་། །དེའི་འོག་ཏུ་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་པར་བྱའོ། །ཞེས་པ་ནས་བསྐུལ་པ་དང་བསྡད་པ་ལྷག་གམ། ཁས་མ་བླང་ནའོ། །ཞེས་དང་། དགེ་སློང་ཆོས་གོས་དོན་གཉེར་དེས། །ལན་དྲུག་བར་དུ་དྲན་པར་བྱ། །དེར་ནི་མངོན་པར་གྲུབ་ན་ནི། །དེ་ནི་སླང་པར་རུང་བ་ཉིད། །དེ་ལས་ལྷག་པར་བརྩོན་བྱེད་ན། །ལྟུང་བའི་ཚང་ཚིང་ནང་དུ་ལྟུང། །ཞེས་གསུངས་པའི་ཕྱིར། དགེ་སློང་གིས་ཞལ་ལྟ་པ་ལ་རིན་པོ་ཆེས་བསྒྲུབ་པའི་གོས་འདོད་དོ། །ཞེས་ལན་གསུམ་དུ་བསྐུལ་བར་བྱེད། དེ་ལྟར་བྱས་ཀྱང་མ་གྲུབ་ན་ཞལ་ལྟ་བས་མཐོང་བའི་ཕྱོགས་སུ་ཅང་མི་སྨྲ་བར་ལན་གསུམ་གྱི་བར་དུ་བསྡད་ནས་གོས་སླང་པ་ལ་ཉེས་པ་མེད་ལ། བསྐུལ་བ་གསུམ་དང་ལྡན་པ་གསུམ་ལས་ལྷག་པར་བྱས་ནས་གོས་བསླངས་ཤིང་ཐོབ་ན་སྤང་ལྟུང་དུ་འགྱུར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |