44504
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གལ་ཏེ་ཆོས་ཉིད་དེ་བཞིན་ཉིད། །བསྔོ་བྱའི་དགེ་བ་མ་ཡིན་མོད། །བྱང་ཆུབ་སེམས་དཔའི་བློ་སྦྱོང་ལ། །བསྔོས་ཀྱང་ཉེས་པ་མེད་སྙམ་ན། །མ་ཡིན་འདི་ལ་ཉེས་པ་ཡོད། །དམིགས་པའི་འདུ་ཤེས་ཡོད་པའི་ཕྱིར། །བསྔོ་བ་དུག་དང་བཅས་པར་འགྱུར། །ཞེས་དང་། ཆོས་ཉིད་བསྔོ་རྒྱུ་བྱེད་ན་ནི། །བློ་སྦྱོང་དུ་ཡང་མི་རུང་ངོ་། །དེ་ཡི་རྒྱུ་མཚན་འདི་ལྟར་ཡིན། །ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །དགེ་བར་བྱེད་ན་དམིགས་པར་འགྱུར། །དམིགས་དང་བཅས་པའི་འདུ་ཤེས་ཀྱིས། །བསྔོ་བ་དུག་དང་བཅས་པར་གསུངས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཆོས་དབྱིངས་བློས་དགེ་རྩར་བསྒྱུར་ན་དམིགས་པའི་འདུ་ཤེས་ཅན་དུ་འགྱུར་ཏེ། མཐའ་བཞིའི་སྤྲོས་པ་མཐའ་དག་མ་བཀག་ན་ཆོས་དབྱིངས་ཀྱི་དོན་མེད་ལ། དེ་བཀག་པ་བྱང་ཆུབ་ཀྱི་རྒྱུར་གྱུར་ཅིག་སྙམ་དུ་དམིགས་ན། དམིགས་མེད་དམིགས་པར་བཟུང་བ་ཡིན་པས། འདུས་བྱས་ཀྱི་དགེ་རྩ་བསྔོས་པའི་བསྔོ་བ་ཐམས་ཅད་ཀྱང་དེས་དྲི་མ་ཅན་དུ་བསྒྱུར་ཏེ། དཔེར་ན་ཁྲོན་པའི་ནང་གི་སྦལ་བ་གཅིག་ལ་རྨ་བྱུང་ན་དེའི་རྨ་རུལ་བས་སྦལ་པ་གཞན་རྣམས་ཀྱང་རུལ་བར་བྱེད་པ་བཞིན་ནོ། །མདོ་སྡུད་པར། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
| Domain | ཆོས་ལུགས། |