44520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྔོས་པ་གཞན་དུ་བསྒྱུར་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་ཉེ་དགས་རང་ལ་བསྒྱུར་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི་སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་དེ་བཅས་ལྡན་དགེ་སློང་གིས་བདག་ཉིད་ལ་བསྒྱུར་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་གིས་སྔར་སྦྱིན་བདག་གིས་དགེ་སློང་གཞན་ལ་བསྔོས་པ་དང། དགེ་འདུན་ལ་བསྔོས་པའི་ཡོ་བྱད་ཤེས་བཞིན་དུ་རང་ཉིད་ལ་བསྒྱུར་ནས་ལག་ཏུ་ཐོབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། གཞན་གྱིས་གང་ཟག་གཞན་ནམ། དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ། །བསྒྱུར་བ་ལ་ཉེས་བྱས་སོ། །ཞེས་དང། དགེེ་འདུན་སྡེ་གཉིས་ཀྱི་རྙེད་པ་ཕན་ཚུན་བསྒྱུར་བར་བྱེད་ན་བསྒྱུར་བར་བྱེད་པ་པོ་ལ་ཉེས་བྱས་ཙམ་འབྱུང། དངོས་གཞི་ནི་མི་འབྱུང་ལ། དགེ་འདུན་མཐུན་པ་ཉིད་ཀྱིས་དགེ་འདུན་གཞན་ལ་བསྔོས་པའི་རྙེད་པ་དགེ་སློང་གཅིག་གམ་གཉིས་སམ་གསུམ་གྱིས་བདག་གིར་སློང་བར་བྱེད་ཅིང་ཐོབ་པའི་ཚེ་ན་སྤང་ལྟུང་ཡིན་ནོ། །འདི་ནི་ཉེར་དགས་སྦྱིན་བདག་གིས་དགེ་འདུན་ལ་འབུལ་རྒྱུའི་གོས་རང་ལ་བསྒྱུར་བ་ལ་བརྟེན་ནས་བཅའ་བ་མཛད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།