44604
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དང་པོར་ལྟུང་བ་བཅབ་པའི་ཉེས་པ་དེ་མཐོལ་བར་བྱེད་པ་དང་། དེའི་རྗེས་སུ་ལྟུང་བ་དངོས་གཞི་མཐོལ་བར་བྱས་ནས་བཤགས་དགོས་པ་ཡིན་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསྙེན་པར་རྫོགས་པས་ལྟུང་བ་བཤགས་ཚུལ་ཡོད་དེ། དང་པོར་ལྟུང་བ་བཅབ་པའི་ཉེས་པ་དེ་མཐོལ་བར་བྱེད། དེ་རྗེས་ལྟུང་བ་དངོས་གཞི་མཐོལ་བར་བྱ་བ་ཡིན་པའི་ཕྱིར་ཏེ། ལྟུང་བ་བཅབ་པའི་ཉེས་པ་མ་དག་པར་དངོས་གཞིའི་ལྟུང་བ་དག་པར་མི་འགྱུར་བའི་ཕྱིར། བཅབས་ཉེས་དེ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱི་སྒོ་ནས་དག་པར་བྱ་བ་ཡིན་ལ། དེའི་དང་པོ་མཐོལ་ཚུལ་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། བཅབས་ཉེས་བཤགས་པའི་རྟེན་དུ་རུང་བ་དང་། ཁྱད་པར་དུ་ལྷག་མ་བཅབས་པའི་ཉེས་པ་མཐོལ་བས་སྤོ་བ་འཆགས་པའི་རྟེན་དུ་རུང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་བསྡུས་དོན་ཡོད་དེ། ཡུལ་གང་ལ་མཐོལ་བ། རྟེན་གྱི་གང་ཟག་གང་གིས་མཐོལ་བ། དངོས་པོ་གང་མཐོལ་བ། ཆོ་ག་ཇི་ལྟ་བུས་མཐོལ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུ་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། བསམ་པ་རང་བཞིན་དུ་གནས་པ། གནས་ནས་མ་ཕྱུང་བ་དེས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། བསྡམ་བྱའི་ཉེས་བྱས་དང་། ཕམ་པ་བཅབ་པའི་ཉེས་པ་ལས་གཞན་ཡིན་པ། རང་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ། སྔར་མཐོལ་བ་དང་མ་འབྲེལ་བ་དེ་མཐོལ་བར་བྱ་བ་ཡིན་པའི་ཕྱིར། བསྡམ་བྱ་དང་། ཕམ་པ་བཅབས་པའི་ཉེས་པ་ལས་གཞན་ཡིན་པ་གཅིག་དགོས་ཏེ། དང་པོ་མཐོལ་མི་དགོས་ལ། གཉིས་པ་མཐོལ་དུ་མི་རུང་བའི་ཕྱིར། བཞི་པ་ཆོ་ག་གང་གིས་མཐོལ་བ་ཡོད་དེ། སྦྱོར་བ་སྔར་བཞིན་ལ། དངོས་གཞི་མཐོལ་བ་མུ་བཅུ་དགུ་པོ་གང་རུང་གི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། ལྟུང་བ་གཅིག་དང་། གཉིས་དང་། གསུམ་ནས་གྲངས་ཤེས་ཀྱི་བར་བྱུང་བ་དང་། གྲངས་མི་ཤེས་པ་དཔག་ཏུ་མེད་པ་བྱུང་བ་སྟེ་བཞི་པོ་རྣམས་ལས། ལྟུང་བ་གཅིག་བྱུང་བ་ཞག་གཅིག་དང། ཞག་གཉིས་དང་། ཞག་མང་པོར་བཅབས་པའི་ཉེས་པ་གྲངས་ཤེས་པ་དང་། བཅབས་ཉེས་གྲངས་མི་ཤེས་པ་དང་། ཞག་དཔག་ཏུ་མེད་པ་བཅབས་པའི་ཉེས་པ་མཐོལ་བ་སྟེ་མུ་ལྔ་དང་། དེ་བཞིན་དུ་ལྟུང་བ་གཉིས་བྱུང་བ་ལ་མུ་ལྔ། ལྟུང་བ་མང་པོ་བྱུང་བ་ལ་མུ་ལྔ། ལྟུང་བ་དཔག་ཏུ་མེད་པ་བྱུང་བ་ལ་མུ་བཞི་སྟེ་བཅུ་དགུའི་སྒོ་ནས་མཐོལ་བར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |