44609
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྷག་མ་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། གླེང་གཞི་མཉན་ཡོད་དུ་འཕྱར་ཀས་བུད་མེད་ལ་འཁྲིག་པས་བསྙེན་བཀུར་བསྔགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འཁྲིག་པའི་འདོད་ཆགས་འཕེལ་བ་དང་། ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་མེད་ལ་འཁྲིག་པས་བདག་ཉིད་ལ་བསྙེན་བཀུར་བ་བསྔགས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །འདི་ལ་བཞི་ལས། གཞི་ལས། ཡུལ་མིའི་བུད་མེད། མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། རྫུ་འཕྲུལ་མ་ཐོབ་པའོ། །དངོས་པོ་ཡུལ་དུས་དེར་འཁྲིག་པར་གྲགས་པས་བསྔགས་པའོ། །ཀུན་སློང་དེ་སྨྲས་པ་ལས་བྱུང་བའི་བདེ་སོགས་སོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ཡུལ་དེས་དོན་གོ་བའོ། །ཞེས་ཀུན་མཁྱེན་གོ་རམས་པས་འདུལ་བའི་སྤྱི་དོན་ལས་གསུངས་སོ། ། མཚན་གཞི་ནི། བཅས་ལྡན་དགེ་སློང་གིས་ཡུལ་བུད་མེད་ཀྱི་མདུན་དུ་རང་ཉིད་ལ་འཁྲིག་པའི་ཆོས་ཀྱི་བསྙེན་བཀུར་བྱས་པ་ལ་བསྔགས་པ་བརྗོད་པ་དང་། བུད་མེད་དེས་དེ་ལྟར་བསྔགས་པ་ལ་རྗེས་སུ་ཡི་རང་གི་ཚིག་སྨྲས་པ་དང་། བུད་མེད་ཀྱིས་སྨྲས་པ་དེ་དགེ་སློང་རང་གིས་བསྐྱར་ནས་སྨྲས་པའི་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཡིན་ཏེ། མདོ་རྩར། བདག་ཉིད་དང་འཁྲིག་པ་ལས་བྱུང་བ་བསྙེན་བཀུར་བསྔགས་ནའོ། །དེས་བསྔགས་པ་ལ་རྗེས་སུ་ཡི་རང་བའི་དོན་གྱི་ཚིག་ནི་དེ་དང་འདྲའོ། །དེ་ཉིད་ཕྱིར་བཟླས་ནའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |