44626
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བསྙེན་རྫོགས་ཀྱི་སྡོམ་པ་རང་རྒྱུད་ལ་སྐྱེས་པ་ལའོ། །དེ་ཐོབ་ཚུལ་སོགས་གསལ་བར་སྟོན་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རྟེན་གྱི་གང་ཟག་གང་གིས་ནོད་པ་ལ་ཆོས་བཞི་ལྡན་གཅིག་དགོས་ཏེ། ལུས་ཀྱི་ཁྱད་པར། ཡོ་བྱད་ཀྱི་ཁྱད་པར། བསམ་པའི་ཁྱད་པར། ཚིགས་སྔ་མ་སྔོན་སོང་རྣམས་དགོས་པའི་ཕྱིར། དང་པོ་དགོས་ཏེ། ལུས་ལ་བརྟེན་པའི་བར་ཆད་ཀྱི་ཆོས་དང་མི་ལྡན་པ། དངོས་བསམ་ཀྱི་སྒོ་ནས་མངལ་ཤོལ་གྱི་ཟླ་བ་དང་བཅས་པའི་ལོ་ཉི་ཤུ་ལོན་པ་གཅིག་དགོས་པའི་ཕྱིར། འདི་ཉིད་ལས། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པ་འཆགས་སོ། །གཅིག་ཤོས་ལ་ནི་ལོན་པ་ཉིད་དུ་འདུ་ཤེས་པའོ། །ཞེས་གསུངས། དམིགས་བསལ་ནི་ངེས་པ་མེད་དེ། ལས་དང་པོ་པ་གཅིག་ཡོད་པའི་ཕྱིར། གཉིས་པ་ཡོ་བྱད་ཀྱི་ཁྱད་པར་ཡོད་དེ། ཆོས་གོས་གསུམ་དང་ལྷུང་བཟེད་རུང་བ་ཚད་ལྡན་དང་། གདིང་བ་ཆུ་ཚགས་ཏེ་དྲུག་ཚང་བ་གཅིག་དགོས་པའི་ཕྱིར། དེ་རྣམས་ལས་གང་ཡང་རུང་བ་གཅིག་མ་ཚང་ཡང་སྡོམ་པ་སྐྱེ་བ་ཡོད་དེ། འདིར། ལྷུང་བཟེད་མེད་ན་རབ་ཏུ་དབྱུང་བར་བྱའོ། །ཞེས་དང་། ཕྲན་ཚེགས་ལས། ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས། རབ་བྱུང་གི་རྟགས་ཆ་ལུགས་གང་ཡང་མེད་པར་བསྙེན་རྫོགས་ཀྱི་སྡོམ་པ་གང་ཡང་སྐྱེ་བ་མེད་དེ། ཁྱིམ་པ་དང་མུ་སྟེགས་ཀྱི་རྒྱལ་མཚན་ཅན་ལ་ཡང་ངོ་། །ཞེས་གསུངས་པའི་ཕྱིར། གསུམ་པ་བསམ་པའི་ཁྱད་པར་ཡོད་དེ། སྙིང་ཐག་པ་ནས་སྡོམ་པ་ལེན་པར་འདོད་པ། འཐོབ་པར་ཤེས་པ། མི་མཐུན་པའི་སེམས་མ་སྐྱེས་པ། ངེས་པ་ལྔ་དང་བྲལ་བ། ངེས་འབྱུང་གི་བསམ་པས་ཟིན་པ་རྣམས་དགོས་པའི་ཕྱིར། བཞི་པ་ཚིགས་སྔ་མ་སྔོན་སོང་དགོས་ཏེ། ཉེས་མེད་ཕུན་ཚོགས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་དགེ་བསྙེན། བར་མ་རབ་བྱུང་དགེ་ཚུལ་རྣམས་ཐོབ་ནས་མ་ཉམས་པར་དགོས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |