44706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པ་སྤྱི་འགྲེལ་གྱི་འགྲེལ་བ་ (1)
Part of speech མིང་ཚིག
Definition མདོ་སྔགས་སྤྱིའི་ལྟ་འགྲེལ་སྐོར། ཤེས་རབ་མེ་ལྕེ་ཞེས་པས་མཛད་པའི་གཞུང་འགྲེལ་ཞིག་སྟེ། གཞུང་དེའི་འགྲེལ་བྱ་ཆོས་རྗེ་དོལ་བོ་པ་རྟོན་པ་བཞི་ལྡན་གྱིས་མཛད་པའི་བསྟན་པ་སྤྱི་འགྲེལ་དེ་ཡིན་ལ། བརྗོད་བྱ་ནི་ཐེག་ཆེན་དབུ་མའི་ལྟ་གྲུབ་ཟབ་མོ་ལས་བརྩམས་ཏེ་བཀའ་འཁོར་གསུམ་དང་རྒྱུད་སྡེ་བཞི་ཡི་ཟབ་ཁྱད་ཀྱི་ཁྱད་པར། ཇི་ལྟར་འགྲེལ་བའི་ཚུལ་ཡང་གཞུང་དེའི་དབུར། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་ནས་སྔགས་ལུགས་ཀྱི་མཚན་ཡང་དག་པར་བརྗོད་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་རྣམས་དང་། འགྲེལ་བ་དྲི་མ་མེད་པ་ལ་སོགས་པ་སེམས་འགྲེལ་སྐོར་རྣམས་དང་། མདོ་ལུགས་ཀྱི་དེ་བཞིན་གཤེགས་པའི་སྙིང་བོ་བསྟན་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། འགྲིབ་པ་དང་འཕེལ་བ་མེད་པ་སྟོན་པ། དགོངས་པ་ངེས་འགྲེལ། དཔལ་ཕྲེང་སེང་གེའི་ང་རོ་ལ་སོགས་པའི་མདོ་རྣམས་དང་། བྱམས་ཆོས། ཆོས་དབྱིངས་བསྟོད་པ་སོགས་མདོའི་དོན་འགྲེལ་རྣམས་ཀྱི་རྗེས་སུ་འབྲངས་ནས། བླ་མ་དོལ་པོ་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ངེས་དོན་གྱི་བཤད་པ་མང་དུ་མཛད་ཅིང་བྱེ་བྲག་ཏུ་ཁྱད་འཕགས་བཞིའི་ནང་ནས་གསོལ་འདེབས་ཁྱད་པར་འཕགས་ཞེས་བགྱིས་པ་བསྟན་པ་སྤྱིའི་འགྲེལ་པར་འགྲེལ་བ་འདི་མཛད། ཅེས་བྱུང་། གཞུང་ཚད་ལ་ལྡེབ་གྲངས་སུམ་ཅུ་ཡོད་ཅིང་། འབྲས་སྤུངས་དཔེ་རྙིང་དམ་རྒྱ་མའི་གྲས་སུ་བཞུགས།