44714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་པའི་གནས་ཚད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུན་ཚད་དེ། སྟོན་པ་ཤཱཀྱ་ཐུབ་པའི་དབང་དུ་བྱས་ན། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་སྟོང་གནས་པ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེས་ན་བྱམས་པའི་མདོ་གཉིས་ཀྱི་དགོངས་པ་དང་མཐུན་པར། འབུམ་ཊཱིཀ་སོགས་ལས་ཐུབ་དབང་མྱ་ངན་ལས་འདས་ནས་བསྟན་པ་ལོ་ལྔ་སྟོང་གནས་པར་གསུངས་པ་ཉིད་རང་ལུགས་སུ་བཟུང་ནས། དེ་ལ་ལོ་ལྔ་བརྒྱ་ཕྲག་བཅུར་ཕྱེ་བའི་ལྔ་བརྒྱ་ཕྲག་དང་པོ་གསུམ་ལ་འབྲས་བུའི་ལེའུ་སྟེ་རིམ་པ་བཞིན་དགྲ་བཅོམ། ཕྱིར་མི་འོང༌། རྒྱུན་ཞུགས་རྣམས་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ་སྒྲུབ་པའི་ལེའུ་སྟེ་རིམ་པ་བཞིན་ལྷག་པའི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་ལུང་གི་ལེའུ་སྟེ་རིམ་པ་བཞིན་མངོན་པ། མདོ་སྡེ། འདུལ་བའི་སྡེ་སྣོད་འཛིན་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། དེ་ནས་ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་སྟེ། གསུང་རབ་རྣམས་ལས་ལྔ་བརྒྱ་ཐ་མ་པའི་དུས་ཞེས་པའང་དེ་ཉིད་ཡིན་ལ། དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་ལྔ་བཅུ་པར་འགྱུར་ཞིང༌། དེ་ནས་རིམ་གྱིས་སྟོན་པ་འདི་ཉིད་ཀྱི་དམ་པའི་ཆོས་ནུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།