44719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། བསྟན་པའི་ཉམས་ལེན་མ་ལུས་པ་སྡོམ་པ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་པ་ཡིན་ཏེ། འདི་ལྟར་བསྟན་པའི་ཉམས་ལེན་ལ་ཉན་ཐོས་འདུལ་བ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་དང་གསུམ་ཡོད་པ་ལས། དང་པོ་སོ་སོར་ཐར་པའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་ཀྱི་བསྟན་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་གཞན་གནོད་གཞི་བཅས་སྤོང་བའི་སྡོམ་པ་བླངས་ནས་གཙོ་བོ་དགེ་སྡིག་བླང་དོར་ཚུལ་བཞིན་དུ་ཉམས་སུ་ལེན་པ་ཡིན་ལ། དེ་ནི་སོ་ཐར་གྱི་སྡོམ་པའི་ཁོངས་སུ་འདུས་ཏེ། སོ་ཐར་གྱི་སྡོམ་པ་ཡང་གཞན་གནོད་གཞི་བཅས་སྤོང་བ་ལ་འཇོག་དགོས་པའི་ཕྱིར་རོ། ། གཉིས་པ་ནིི་རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་པ་ལྟར། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ཀུན་རྫོབ་བྱང་ཆུབ་སེམས་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་དུ་ཆུད་པའི་སྒོ་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ཁྱད་པར་བ་ཡིན་ལ། དེ་ནི་བྱང་སེམས་ཀྱི་སྡོམ་པའི་ཉམས་ལེན་གྱི་ཁོངས་སུ་འདུས་སྟེ། བྱང་སེམས་ཀྱི་སྡོམ་པ་ནི། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་ལ་འཇོག་པའི་ཕྱིར་རོ། ། གསུམ་པ་ནི། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག ། ཅེས་པ་ལྟར། རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་དབྱེར་མེད་དུ་བྱིན་གྱིས་རླབས་པའི་ས་བོན་འདེབས་པ་ནི་སྨིན་བྱེད་དབང་དང་། དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པ་གྲོལ་བྱེད་ཀྱི་ལམ་གཉིས་སུ་འདུས་པ་ཡིན་ལ། དེ་ནི་སྔགས་སྡོམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་ཏེ་སྔགས་སྡོམ་གྱི་ཉམས་ལེན་ནི་སྨིན་གྲོལ་གཉིས་ལ་འཇོག་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ཐམས་ཅད་སྡོམ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུས་པར་ཤེས་པའི་ཕྱིར་དུ་མཚན་འདོགས་ལུགས་དང་། གཞུང་གི་མཚམས་གཅོད་ཚུལ་དེ་ལྟར་ཡིན་པར་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |