From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྟན་བཅོས་རྣམ་དག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཁྱད་ཆོས་བཞི་ལྡན་གྱི་བསྟན་བཅོས་སུ་དམིགས་པ་དེ། །བསྟན་བཅོས་རྣམ་དག་གི་མཚན་ཉིད།
|
| Domain
|
ཆོས་ལུགས།
|
བསྟན་བཅོས་རྣམ་དག་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། བསྟན་བཅོས་རྣམ་དག་གི་མཚན་ཉིད། རང་གི་བཤད་བྱར་གྱུར་པའི་བཀའི་དགོངས་འགྲེལ་དུ་བརྩམས་པ་ཡང་ཡིན། བཀས་བསྡུས་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གསུང་རབ།
|
བསྟན་བཅོས་རྣམ་དག་ (3)
| Part of speech
|
མིང་ཚིག
|
| Definition
|
བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་ཉིད་རྩོམ་པ་པོས་རྒྱལ་བའི་བསྟན་པ་འབའ་ཞིག་གི་ཆེད་དུ་བརྩམས་ཤིང་སྒྲ་སྐྱོན་དང་བྲལ་བའི་རྗོད་བྱེད་ངག་གི་ཚོགས་རྣམ་དག བསྟན་བཅོས་རྣམ་དག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ཐབས་དང་རྗེས་མཐུན་པ། །དེ་ནི་དྲང་སྲོང་གསུང་བཞིན་སྤྱི་བོས་བླངས། །ཞེས་གསུངས་པའི་ཕྱིར། བསྟན་བཅོས་ལ་དབྱེ་ན། དོན་མེད་པའི་བསྟན་བཅོས། དོན་ལོག་པར་སྟོན་པའི་བསྟན་བཅོས། ཐོས་པ་ཙམ་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ཙམ་ལྷུར་ལེན་པའི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བ་བྲལ་བའི་བསྟན་བཅོས་ལྟར་སྣང་དྲུག་དང། བརྗོད་བྱ་དོན་དང་ལྡན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས། སྡུག་བསྔལ་སྤོང་ཕྱིར་དུ་གསུངས་པའི་བསྟན་བཅོས་ཏེ་ཡང་དག་གསུམ་དང་དགུར་ཡོད། ཡང་བསྟན་བཅོས་ལ་དབྱེ་ན། སངས་རྒྱས་པའི་བསྟན་བཅོས་དང། ཕྱི་རོལ་པའི་བསྟན་བཅོས་གཉིས་ཡོད། དང་པོ་ལ་ཡང་ཐེག་ཆེན་གྱི་བསྟན་བཅོས་དང། ཐེག་དམན་གྱི་བསྟན་བཅོས་གཉིས་ཡོད། ཡང་དེ་ལ་དབྱེ་ན། དབུ་མ་པའི་དེ་དང། དངོས་སྨྲ་བའི་དེ་གཉིས་ཡོད། རང་གི་ཆེད་དུ་བྱ་བའི་གདུལ་བྱ་དབུ་མ་པའི་རིགས་ཅན་ལ་གཙོ་བོ་རང་གི་བརྗོད་བྱར་གྱུར་པའི་དབུ་མ་པའི་གྲུབ་མཐའ་སྟོན་པའི་བསྟན་བཅོས། དང་པོའི་མཚན་ཉིད། རང་གི་ཆེད་དུ་བྱ་བའི་གདུལ་བྱ་དངོས་སྨྲ་བའི་རིགས་ཅན་ལ་གཙོ་བོ་རང་གི་བརྗོད་བྱར་གྱུར་པའི་དངོས་སྨྲ་བའི་གྲུབ་མཐའ་སྟོན་པའི་བསྟན་བཅོས། གཉིས་པའི་མཚན་ཉིད། ཕྱི་མ་དེ་ལ། བྱེ་བྲག་ཏུ་སྨྲ་བའི་དེ། མདོ་སྡེ་པའི་དེ། སེམས་ཙམ་པའི་དེ་དང་གསུམ་ཡོད། སྒྲ་བཤད། གདུལ་བྱ་ཉོན་མོངས་པའི་སྐྱོན་ལས་འཆོས་ཤིང། སྡུག་བསྔལ་ལས་སྐྱོབ་པའི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་ན། དེ་ལྟར་བརྗོད། ཕྱི་རོལ་པའི་བསྟན་བཅོས་ལ་བསྟན་བཅོས་ཀྱི་སྒྲ་བཤད་མ་ཚང་ངོ། །
|
བསྟན་བཅོས་རྣམ་དག་ (4)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐར་པ་ཐོབ་པའི་ཐབས་སུ་བཀའི་དོན་བཤད་པའི་ངག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། དབྱེ་ན། དོན་དང་ལྡན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས་དང་གསུམ། ཡང་ན་ས་སྡེ་ལྔ་ལྟ་བུ་འཁྲུགས་པ་གོ་རིམ་དུ་སྡེབ་པར་བྱེད་པའི་བསྟན་བཅོས། ཚད་མ་ཀུན་ལས་བཏུས་ལྟ་བུ་འཐོར་བ་སྡུད་པར་བྱེད་པའི་བསྟན་བཅོས། མངོན་པར་རྟོགས་པའི་རྒྱན་ལྟ་བུ་རྒྱ་ཆེན་པོ་སྡུད་པར་བྱེད་པའི་བསྟན་བཅོས་སོ། །
|