44786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་གཉིས་པ་ཨོ་རྒྱན་དགེ་ལེགས་བསྟན་འཛིན་ (1)
Part of speech མིང་ཚིག
Definition བསྟན་འཕེལ་སྐུ་ཕྲེང་གཉིས་པ་ཨོ་རྒྱན་དགེ་ལེགས་བསྟན་འཛིན་མཆོག་ནི། རྫ་ཁོག་ཏུ་འཁྲུངས་ནས། ཁམས་སྤྲུལ་གསུམ་པ་རྗེ་ཀུན་དགའ་བསྟན་འཛིན་གྱིས་ངོས་འཛིན་སྐབས། བཀའ་ལུང་རིན་པོ་ཆེ་ལས། ཨ་གསུམ་གྱི་མགོ་མ། རྫོང་གསུམ་གྱི་རྩེ་མོ། ཆུ་གཞུ་འདྲ་བ་ལ། ལམ་གཞུ་རྒྱུད་འདྲ་ཞིང་། ཤ་ལག་པ་འདྲ་བའི་གདན། ཡབ་ལྷ་དང་ཀླུ་ཡི་མཚན་ཅན། འབྲོག་པ་སྐས་ཐེམ་གསུམ་པ། སྒོ་ཟོག་དཀར་པོ། སྒོ་ཁྱི་དམར་པོ། སྒོ་ཤར་དུ་སྟོན་པ་སོགས་ཡུལ་ཕྱོགས་རྟགས་ཡབ་ཡུམ་གྱི་མཚན་ཤིན་ཏུ་གསལ་ཆ་ངོ་མཚར་ཅན་གསུང་པ་བཞིན། ཨ་ཁོད། ཨ་གཤིས། ཨ་སྤེལ་ལས་ཨ་སྤེལ་དང་། གཞན་ཡང་ཉ་འགེ་གད་པ་ཆུ་ཡི་རྫོང། གཟི་དེའུ་གནམ་ལྕགས་ཐོག་གི་རྫོང། ག་ལེ་བྲག་དམར་རྡོ་རྗེའི་རྫོང་གསུམ་ལས། བྲག་དམར་རྡོ་རྗེའི་རྫོང། འབབ་ཆུ་གཞུ་འདྲ་འཁྱོག་པ། ལམ་གཞུ་རྒྱུད་ལྟ་བུ། རི་གདོང་ཤ་ལག་འདྲ་ཞིང་། ཡབ་ལྷ་མགོན་དང་ཡུམ་ཀླུ་མཚོ། སྒོ་ཟོག་དང་ཁང་སྒོ་ཤར། དབྱར་ཆུ་འཕེལ་སྐབས་བགྲོད་དཀའ་བ་རྡོ་སྐས་གསུམ་ཡོད་པ་སོགས། ངོས་འཛིན་ནོར་མེད་སོམ་ཉི་བྲལ་བ་མཛད། འཁྲུངས་ནས་ཟླ་བ་གཅིག་ཙམ་རྒོད་ཐང་དཀར་མཁར་གྱི་རྩེ་རུ་བབ་ནས་གསེར་སྐྱུག་པས་གསེར་འབུམ་བཞེངས་པ་ད་ལྟ་དངོས་སུ་ཡོད་འདུག དགུང་གྲངས་གསུམ་གྱི་ཐོག་བྲག་ལ་ཞབས་རྗེས་བཞག་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། ཐོག་མའི་འབྲི་ཀློག་ནས་ཆོ་ག་ཕྲིན་སྒྲུབ་སོགས་ལས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་མཛད། མདོ་ཁམས་གསུམ་པ་ཀུན་དགའ་བསྟན་འཛིན་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཐུགས་སྲས་དྭངས་མར་གྱུར། མཚན་ཨོ་རྒྱན་དགེ་ལེགས་བསྟན་འཛིན་དཔལ་བཟང་པོར་གསོལ། དབང་ཆོས་ཀྱིས་རྗེས་སུ་བཟུང༌། ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས་ཏེ། ཁམས་པའི་ཐུགས་སྒྲུབ་ལ་ཁོང་གི་དག་སྣང་གིས་ཟུར་བརྒྱན་པས་ཚེས་བཅུ་དག་སྣང་མ་ཞེས་གྲགས་པ་བྱུང་། འདི་ཉིད་དག་གཟིགས་ཁོ་ནར་ངེས་པས། བྱིས་བློའི་འགྲིགས་མིན་གྱི་རྟོག་བཟོ་དང་བྲལ་ཞིང་། ཐུན་མིན་རང་སྲོལ་གྱི་གར་འཆམ་ཞིག་ཡིན་ནོ། །རྗེ་ཁམས་སྤྲུལ་གསུམ་པ་སངས་རྒྱས་དངོས་མཐོང་གི་མོས་གུས་ལ་བསྟེན་ནས། གནས་ལུགས་ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་སྦྱོར་གྱི་ཡེ་ཤེས་རྒྱུད་ལ་སྐྱེས། བསྟན་འགྲོར་ཕན་པའི་ཕྲིན་ལས་ཀྱི་མཛད་པ་བཟང་པོ་བཅས། མཐར་རྡུལ་བྲལ་ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་པའི་ཚུལ་བསྟན་པར་མཛད་དོ། །