44949
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་ཚུལ་གྱི་བསྲུང་བྱ་བླངས་འདས་སོ་དྲུག་ལས་གཞན་པའི་དགེ་སློང་གི་སྤང་བྱ་ཕལ་ཆེ་བ་རྣམས་དགེ་ཚུལ་གྱིས་ལུས་ངག་གི་བཤགས་པ་བྱེད་མི་དགོས་པར་ཡིད་ཀྱིས་བསྡམ་པར་བྱ་བ་ཙམ་གྱིས་དག་ཏུ་རུང་བ་ཞིག་ལ་བསྡམ་བྱའི་ཉེས་བྱས་ཞེས་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བླངས་འདས་དེ་རྣམས་ཀྱི་ཕྱོགས་མཐུན་བསྡམ་བྱའི་ཉེས་པའང་བཤད་དུ་ཡོད་དེ། ཐོག་མར་དེ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཉེས་མེད་གནང་བ་བཤད་པ་དང་། ཕྱོགས་མཐུན་དངོས་བཤད་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ལ་ཕྱེད་དང་བཅོ་བརྒྱད་ཡོད་དེ། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་བརྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག ། སྤངས་ནས་ཟ་བར་བྱེད་པ་དང་། །བྱིན་ལེན་མ་བྱས་ཟ་བ་དང་། །དེ་བཞིན་གསོག་འཇོག་ཟ་བ་དང་། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང་། རྩྭ་སྔོན་མི་གཙང་འདོར་བ་དང་། ས་བོན་འཇོམས་དང་བསླབ་པའི་གཞི། །ཟླ་འཇོག་དགོན་པའི་འབྲལ་བ་དང་། །གསོག་འཇོག་བྱེད་དང་དགེ་ཚུལ་ཉལ། །མི་སྨྲ་འགྲོ་དང་བཅོ་བརྒྱད་དོ། །ཞེས་པ་རྣམས་ཡིན་པའི་ཕྱིར། ཕྱེད་ནི་དགེ་ཚུལ་ནང་ཕན་ཚུན་ནུབ་ལྷག་བསྲུང་མི་དགོས་ཀྱང་ཁྱིམ་པ་དང་བསྲུང་དགོས་པས་ཕྱེད་དུ་བགྲང་ངོ་། །དེ་ལ་འདུལ་འཛིན་དགེ་ལེགས་དཔལ་བ་ནི། དགེ་ཚུལ་ལ་དགོན་པ་པའི་ཕྱོགས་མཐུན་མེད་པ་མི་འཐད་དེ། དེ་གནས་གང་དུ་གནས་པར་ཡིད་དམ་བཅས་པའི་དགོན་པར་མི་གནས་པ་ལ་ལྟུང་བར་བཞག་པའི་ཕྱིར། ཟླ་འཇོག་གི་ཕྱོགས་མཐུན་མེད་པའང་མི་འཐད་དེ། བསླབ་པའི་གཞི་བཅུ་དང་ཉེས་མེད་བཅུ་གསུམ་ལས་གཞན་པའི་སོ་སོ་ཐར་པའི་མདོར་དགེ་སློང་ལ་ལྟུང་བར་གསུངས་པ་ཐམས་ཅད་དགེ་ཚུལ་ལ་ཕྱོགས་མཐུན་དུ་གསུངས་པའི་ཕྱིར། ལས་གྲལ་ནས་མ་སྨྲས་པར་འགྲོ་བ་ལ་ལྟུང་བ་མེད་པ་ཡང་མི་འཐད་དེ། སྤྱིར་དགེ་ཚུལ་གྱིས་ལས་གྲལ་ནས་མ་སྨྲས་པར་འགྲོ་བ་ལ་དགག་བྱ་མེད་ཅིང་དགོས་པ་དང་ལྡན་པ་ཡིན་ཀྱང་། བསྒྲུབ་བྱ་ལས་གྲལ་ནས་མ་སྨྲས་པར་འགྲོ་བ་མི་འཐད་པའི་ཕྱིར། གསོག་འཇོག་བྱེད་པ་ཉེས་མེད་དུ་འདོད་པའང་མི་འཐད་དེ། དགེ་ཚུལ་གྱིས་སྒོག་པ་དང་རྨིག་པ་གཅིག་པའི་ཤ་ལྟ་བུ་བཟའ་ཕྱིར་འཆང་ན་ཉེས་པ་བསྐྱེད་པའི་ཕྱིར། ཞེས་སྐྱོན་འཕེན་པར་མཛད་དེ། སྐྱོན་དེ་རྣམས་ནི་གནོད་བྱེད་དུ་མི་འགྲོ་སྟེ། དེ་ལྟར་ན་ས་བརྐོ་བ་དང་། རིན་པོ་ཆེ་ལ་རེག་པ་སོགས་ལ་ཕྱོགས་མཐུན་མེད་པ་ཡང་མི་འཐད་དགོས་པའི་ཕྱིར་ཏེ། གཞན་ལ་གནོད་པའི་བསམ་པས་དེ་ལྟར་བྱ་མི་རུང་བའི་ཕྱིར། ཁྱབ་པས་ཁས། ཁྱད་པར་བསྒྲུབ་བྱ་ལས་གྲལ་ནས་མ་སྨྲས་པར་འགྲོ་མི་རུང་བ་རྟགས་སུ་འགོད་པ་ཆེས་མི་འཐད་དེ། བསྒྲུབ་བྱ་ལས་གྲལ་བ་མ་ཡིན་པའི་ཕྱིར་དང་། དེ་ལས་གྲལ་པའི་མདུན་ངོས་སུ་སྡོད་དགོས་པ་ནི་སྡོམ་པ་ནོད་པའི་ཆེད་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |