44975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྡུ་བའི་དངོས་པོ་བཞི་ (1)
Part of speech མིང་ཚིག
Definition མདོ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། སྦྱིན་པ་ནི། གང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ། །སྙན་པར་སྨྲ་བ་ནི། གང་སློང་བ་དང་། ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་སྙན་པ་སྨྲ་བའོ། །དོན་སྤྱོད་པ་ནི། གང་བདག་དང་། གཞན་དག་གི་དོན་བསམ་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི། གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་། ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ། །བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་ལ་མཚན་ཉིད་ནི། སེམས་ཅན་སྨིན་པར་བྱ་བའི་དོན་དུ་ཐབས་མཁས་པས་འཁོར་ཡོངས་སུ་བསྐྱང་བའོ། །དབྱེ་ན་བཞི་སྟེ། སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པའོ། །གྲངས་ངེས་པ་ནི། ཅིའི་ཕྱིར་བཞིར་གྲངས་ངེས་སྙམ་ན། གདུལ་བྱ་ལ་གནས་སྐབས་སུ་ཕན་པར་བྱ་བའི་དོན་དུ་ཟང་ཟིང་དང། མཐར་ཐུག་གི་ཕན་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིག་འཛིན་པ་དང། དེའི་དོན་ལ་འཇུག་པ་དང། དོན་དེ་ལ་ཡང་ནས་ཡང་དུ་བསྟུན་ཏེ་རྗེས་སུ་འཇུག་པར་བྱ་བའི་ཕྱིར་ལྷག་མ་གསུམ་སྟེ་བཞིར་གྲངས་ངེས་སོ། །དེའང་། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་དང་འཇུག་པར་བྱེད་པ་དང། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་བཤད་དོ། །ཞེས་གསུངས་སོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།