45216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་ནོད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཡུལ་གང་ལ་ནོད་པ་ནི་སྦྱིན་པའི་ལས་ཀྱིས་དགེ་འདུན་མཚན་ཉིད་བཞི་ལྡན་ལས་ཏེ། སྔར་བསྟན་པ་བཞིན་ནོ། །རྟེན་གང་གིས་ནོད་པ་ནི། ལས་ཀྱི་གཞིར་སྔར་སྨོས་པའི་སྦྱིན་ཡུལ་ཐུན་མོང་བ་བརྒྱད་ལས། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་ཞེས་པའི་གནས་སུ། འདིར་རབ་ཏུ་བྱུང་བ་སྡེ་ལྔ་གང་རུང་གི་སྡོམ་པ་གསོར་རུང་དང་ལྡན་པ་སྟེ། དགེ་སློང་ཕ་མ་ལ་བསླབ་པ་སྦྱིན་པ་མ་ཟད་དེ། འོད་ལྡན་ལས་དགེ་ཚུལ་ལ་བསླབ་པ་སྦྱིན་པ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བཤད་དེ་ཞེས་སོ། །ཡན་ཆད་དང་ལྡན་ཞེས་ནི་འདིར་མི་བརྗོད་དེ། གསོ་བ་ཞུགས་ཟིན་པ་བསླབ་པ་བྱིན་པ་དང་། རྣམ་དག་ནི་བསླབ་པ་སྦྱིན་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི་འཆབ་སེམས་ཀྱི་ཕམ་པའམ། ཕམ་པ་དང་འདྲ་བའི་ཉེས་བྱས་འཆབ་མེད་ཡིན་པ་དང་། བདག་གི་རྒྱུད་དང་འབྲེལ་བ་ཡོད་པ་དང་། ངོ་ཤེས་ཤིང་དྲན་པར་ནུས་པ་སྟེ། ཆོས་གསུམ་ལྡན་དག་པར་བྱ་བའི་དོན་དུའོ། །ཡུན་ཇི་སྲིད་དུ་ནོད་པ་ནི་ཇི་སྲིད་འཚོའི་བར་དུ་སྟེ་གཞུང་ན་གསལ་ལོ། །ཆོ་ག་གང་གིས་ནོད་ཅིང་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་སྔར་སྤོ་བ་ནོད་པའི་སྐབས་སུ་བསྟན་པ་དང་འདྲའོ། །དངོས་གཞི་ནི་གསོལ་བཞིའི་ལས་ཀྱིས་སྦྱིན་པ་སྟེ། མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །སྒྲ་བཤད་པ་ནི་འཆབ་མེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པར་བྱེད་པའི་བསླབ་པ་བྱིན་ཞིང་བསླབ་པ་དེ་དག་ཉམས་སུ་ལེན་པས་ན་བསླབ་པ་བྱིན་པ་ཞེས་བྱ་སྟེ། བསླབ་པ་སྤྱོད་པ་ཞེས་ཀྱང་བྱའོ། །དགེ་ཚུལ་བསླབ་པ་བྱིན་པ་ནི་ཕམ་པ་དང་འདྲ་བའི་ཉེས་བྱས་དག་པར་བྱ་བའི་དོན་དུའོ། །
Domain ཆོས་ལུགས།