45228
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལུང་ཞུ་བ་ལས། ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་དེ་ལ་གསོལ་བཞིའི་ལས་བརྗོད་པའི་སྒོ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤངས་ནས་དམན་སྤྱོད་དང་དུ་ལེན་པའི་བསླབ་པ་ནོད་པའི་ཆོ་ག་ཞིག དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསླབ་པ་བྱིན་པའི་ཚུལ་ཡོད་དེ། གསོལ་བཞིའི་ལས་བརྗོད་པའི་སྒོ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་དམན་སྤྱོད་ལྔ་དང་དུ་ལེན་པའི་བསླབ་པ་ནོད་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། མདོ་སྡེ་པ་ལྟར་ན་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འདག་པའི་ཕྱིར་དང་། སེམས་ཙམ་པ་ལྟར་ན་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་འདག་པའི་ཕྱིར་དང་། བྱེ༌བྲག་སྨྲ་བ་རང་ལུགས་ལྟར་ན། ཕམ་པ་འཆབ་མེད་འདག་པའི་ཕྱིར་དུ་ཡིན་པའི་ཕྱིར། བསླབ་བྱིན་དགེ་སློང་དེ་དགེ་སློང་རྣམ་དག་དང་མི་འདྲ་བའི་དམིགས་བསལ་གཞན་ཡང་ཡོད་དེ། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་། ཞེས་དགེ་སློང་རྣམ་དག་ལ་བྱིན་ལེན་སྟོབ་པ་ལ་བསྙེན་པར་མ་རྫོགས་པའི་དགེ་ཚུལ་དང་ལྡན་པ་ཉིད་ཀྱང་ངོ་སྟེ། དེ་ལྟར་གསུངས་པའི་ཕྱིར། དེར་ཐལ། དེས་དགེ་སློང་རྣམ་དག་ལ་བྱིན་ལེན་ཆགས་པའི་ཕྱིར་དེར་མ་ཟད་དེའི་ལག་ཉ་གསོག་འཇོག་ལ་སོགས་པ། དགེ་སློང་རྣམ་དག་གི་ལག་ཉ་གསོག་འཇོག་སོགས་སུ་མི་འགྱུར་བ་དང་། དེ་ལ་ཕྲ་མ་བྱས་པས་དགེ་སློང་རྣམ་དག་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བའི་ཚུལ་ཡང་ཤེས་པར་བྱའོ། །བསླབ་བྱིན་དགེ་སློང་ནང་ཕན་ཚུན་དུ་བྱིན་ལེན་སྟོབ་པ་སོགས་ནི་མི་རུང་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་པའི་མདོས་གྲུབ་པའི་ཕྱིར། དགེ་སློབ་མ་ལ་ཡང་ངོ་ཞེས་པའི་དོན་ཡང་ཡོད་དེ། བསླབ་བྱིན་དགེ་སློང་མ་དེ་དགེ་སློབ་མའི་ཡུལ་ལ་བསྙེན་པར་མ་རྫོགས་པ་དང་འདྲ་བ་མ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེའི་ལག་ཉ་དང་གསོག་འཇོག་སོགས་དགེ་སློབ་མའི་གསོག་འཇོག་སོགས་སུའང་འགྱུར་བའི་ཕྱིར། དགེ་སློང་ཕ་མ་གཉིས་ནི་གཅིག་གིས་གཅིག་ལ་དེ་ལྟར་མ་ཡིན་ཏེ། དགེ་སློང་ཕས་དགེ་སློང་མ་ལ་བྱིན་ལེན་ཆགས་པའི་ཕྱིར་དང་། ཚུར་ལ་ཡང་དེ་ལྟར་ཆགས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |