45296

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་ཚིགས་གཅིག་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་དེ་ལ་ལྟུང་བྱེད་ཡན་ཆད་ཀྱི་ལྟུང་བ་དངོས་གཞི་རྫོགས་པ་ལ་དགེ་སློང་གི་བསླབ་པའི་ཚིགས་གཅིག་པ་ཡན་ལག་ཏུ་དགོས་པ་ལའོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་ལ་ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པའི་དགེ་སློང་ཡིན་པ་ཙམ་གྱིས་མི་ཆོག་སྟེ། དེ་ལ་བསླབ་ཚིགས་གཅིག་པ་ངེས་པར་དགོས་པའི་ཕྱིར་ཏེ། ཚིགས་སྔ་མ་དགེ་ཚུལ་གྱི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས། དེའི་དབང་གིས་དགེ་སློང་གི་རྟེན་ལ་མཐར་ཐུག་གྲུབ་ན། ཕམ་པ་ལས་ལྟུང་བ་ན་སྨད་པར། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་། ཞེས་པའི་མདོས་གྲུབ་པའི་ཕྱིར། ཁོ་ན་རེ། ལྟུང་བ་ན་སྨད་བསྐྱེད་པ་མི་འཐད་པར་ཐལ། དེ་ལྟར་མཐར་ཐུག་གྲུབ་པའི་ཚེ། དགེ་སློང་དེ་ལ་མི་གསོད་པའི་ལྟུང་བ་གཏན་མི་འབྱུང་བའི་ཕྱིར་ཏེ། དགེ་སློང་གིས་མི་གསོད་པའི་བསམ་སྦྱོར་གང་ཡང་མ་བྱས་པའི་ཕྱིར། ཞེས་ཟེར་ན། འོ་ན། དགེ་སློང་མས་མི་གསོད་པའི་སྦྱོར་བ་བྱས་ཏེ། དགེ་སློང་ཕར་མཚན་གྱུར་པ་དེ་ལ་སྲོག་གཅོད་ཀྱི་ཕམ་པ་མི་བསྐྱེད་པར་ཐལ། དགེ་སློང་ཕས་མི་གསོད་པའི་བསམ་སྦྱོར་གང་ཡང་མ་བྱས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྲོག་གཅོད་ཀྱི་ཕམ་པ་དེ་མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་གི་རྟེན་ལ་མི་གསོད་པའི་སྦྱོར་བ་བྱས། སླར་དགེ་སློང་གི་བསླབ་པ་ཕུལ་ཏེ་དགེ་ཚུལ་གྱི་རྟེན་ལ་མཐར་ཐུག་གྲུབ་པའི་ཚེ། ཕམ་འདྲའི་ཉེས་བྱས་རྫོགས་པར་མི་བསྐྱེད་པར་ཐལ། ཚིགས་སྔ་མར་ཞེས་སོགས་ཀྱི་གཞུང་དོན་དེ་འཐད་པའི་ཕྱིར་ན་མ་ཁྱབ་སྟེ། སྡོམ་གསུམ་རིམ་གྱིས་མནོས་པའི་དགེ་སློང་གི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ཡོད་པས་དགེ་ཚུལ་དུ་བབས་པའི་རྟེན་ལ་མཐར་ཐུག་གྲུབ་པའི་ཚེ་ཕམ་འདྲའི་ཉེས་བྱས་བསྐྱེད་པར། ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ། །ཞེས་པའི་མདོས་གྲུབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།