4551
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མེ་ཁྱི་ཕྱི་ལོ་ ༨༠༦ ལ་ཡབ་ཁྲི་སྲོང་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། སྐྱིད་རྟགས་ལོ་དང་པོ་ཤིང་ལུག་ཕྱི་ལོ་ ༨༡༥ ནས་སྲིད་དབང་བཟུང་ཤིང་། ལྕགས་བྱ་ཕྱི་ལོ་ ༨༤༡ བར་སྲིད་བསྐྱངས། བཙུན་མོ་ཅོག་རོ་དཔལ་གྱི་ངང་ཚུལ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་སྲས་མ་འཁྲུངས་པར་གྲགས་ལ། འགའ་རེེས་འོད་སྲུང་ཁོང་གི་སྲས་སུ་བཤད་པ་ཡོད། འབྲོ་སུམ་རྗེ་སྟག་སྣང་དང་། སྦས་མང་རྗེ་ལྷ་ལོད། བན་ཆེན་པོ་དཔལ་གྱི་ཡོན་ཏན། ཞང་ཁྲི་གཞུང་རམ་ཤགས་བཅས་ཀྱིས་བློན་པོ་བྱས། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་ལྷ་ཁང་བཞེངས། དགེ་འདུན་ལ་འབངས་མི་ཁྱིམ་བདུན་ལྷ་རིས་སུ་ཕུལ་བ་སོགས་ཞབས་ཏོག་དཔེ་མེད་པ་མཛད། ས་ཕག་ཕྱི་ལོ་ ༨༡༩ ལ་བོད་རུ་བཞི་ནས་དམག་སྡེ་བཅོ་བརྒྱད་དང་། བློན་ཆེན་པོ་ཞང་ཁྲི་གཞུང་རམ་ཤགས་དང་བློ་མང་རྗེ་ལྷ་ལོད་ཀྱིས་ཁྲི་དམག་བཅུ་གསུམ། མི་ཉག་གི་ཚོ་དཔོན་དང་དམག་བཅས་ཀྱིས་རོགས་བྱས་ཏེ་ཉིན་སུམ་ཅུའི་རིང་ལ་ཕྱོགས་བཞི་ནས་ཕར་རྒོལ་བྱས། རྒྱ་ཐམས་ཅད་ཆམ་ལ་ཕབ་སྟེ་མཁར་རྫོང་ཉི་ཤུ་རྩ་བཞི་ཡར་བཅད་ནས་མངའ་འོག་ཏུ་བསྡུས། རྨ་ཆུ་འོག་མ་ལ་ལྕགས་ཀྱི་གླང་རུ་ཕར་བཅད་བྱས་ཏེ་ལྕགས་ཟམ་བཙུགས། རྒྱ་གར་དང་བལ་པོ། ལི་ཡུལ་ཐེན། སྦལ་དི། བྲུ་ཤ། ཞང་ཞུང་། ཧོར་དང་སོག་པོ། ཡུ་གུར། བཀའ་མ་ལོག་ལ་སོགས་རྒྱ་མོ་ཁྱི་ཁྱོ་ཅན་དང་། སོག་པོ་སྤྲེ་ལག་ཅན་ཡན་ཆད་འཛམ་གླིང་སུམ་ཉིས་བཙན་པོ་འདིས་མངའ་འོག་ཏུ་བསྡུས་སོ་ཞེས་པའི་དྲིལ་ཆེན་པོ་བསྒྲགས། སྐྱིད་རྟགས་བདུན་པར་ཐང་བོད་མཇལ་འདུམ་ཡོང་བའི་གྲོས་མོལ་བྱས། ཕྱི་ལོ་ ༨༢༡ ལ་རྒྱལ་ཁབ་གཉིས་ཀྱི་ལོ་པཎ་དང་རབ་བྱུང་རྣམས་ཀྱི་དཀོན་མཆོག་དང་ལྷ་ཀླུ་དཔང་ལ་བཞག་སྟེ། དབོན་ཞང་བར་གྱི་རྡོ་རིང་བཙུགས་ཏེ། རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་དུ་སྐྱིད་པའི་དཔལ་ལ་རོལ། འོན་ཀྱང་གོང་དུ་བཤད་པ་ལྟར་ཆོས་བྱེད་དགེ་འདུན་རྣམས་ལ་གཞན་དང་མི་འདྲ་བའི་དམིགས་བསལ་དབང་ཆ་ཆེན་པོ་གནང་བ་དེས་གཤམ་འོག་གི་བློན་པོ་དང་འབངས་རྣམས་འདོད་བློར་མ་བབས་པ་དང༌། བློན་པོ་བྲན་ཀ་དཔལ་ཡོན་དང་བཙུན་མོ་ལ་མ་ཉེས་པར་ཁྲིམས་གཅོད་ཕོག་པ་སོགས་ཀྱི་འཁོན་འཛིན་ཡོད་པ་བཅས་རྐྱེན་ངན་མང་པོ་འཛོམས་པར་བརྟེན། བཙན་པོ་བཀྲོངས་པའི་བྱ་ཐབས་མང་པོ་གོམ་པ་རིམ་བགྲོད་ཀྱིས་ལག་བསྟར་བྱས་ཐོག སྔར་གྱི་འཁོན་འཛིན་ཡོད་པའི་བློན་པོ་སྦས་དང་ཅོག་རོ་གཉིས་ཀྱིས་བཙན་པོར་ཆང་གསོལ་ཏེ་ར་བཟི་བའི་གོ་སྐབས་དང་བསྟུན་ནས་ཞལ་ལྟག་པར་གཅུས་ཏེ་ལྕགས་བྱ་ཕྱི་ལོ་ ༨༤༡ ལ་བཀྲོངས། མཚན་གྱི་རྣམ་གྲངས་ལ། ཏུན་ཧོང་ཡིག་རྙིང་ལས། ཁྲི་གཙུག་ལྡེ་བརྩན། ལྡེའུ་ཆོས་འབྱུང་དང་བོན་འབྱུང་། རྒྱལ་རབས་འཕྲུལ་གྱི་མེ་ལོང་ལས། ཁྲི་རལ་པ་ཅན། ཉང་རལ་ཆོས་འབྱུང་ལས། ཁྲི་གཙུག་ལྡེ་བཙན་མངའ་བདག་ཁྲི་རལ་བ་ཅན། དེབ་དམར་དང་ས་ཆེན་རྒྱལ་རབས། སྔོན་གཏམ་མེ་ཏོག་ཕྲེང་བ། དུང་དཀར་ཚིག་མཛོད། བོད་ཆེན་པོའི་རྒྱལ་རབས། ཁྲི་གཙུག་ལྡེ་བཙན་རལ་པ་ཅན། གསལ་མེར་རལ་པ་ཅན། དེབ་སྔོན་ལས་ཁྲི་རལ་པ་ཅན་ནམ་ཁ་ལི་ཁ་ཆུ། ཡར་ཀླུང་ཆོས་འབྱུང་ལས། ཁྲི་གཙུག་ལྡེ་རལ་པ་ཅན། བཤད་མཛོད་ལས། མངའ་བདག་རལ་པ་ཅན། རྒྱ་བོད་ཡིག་ཚང་ལས། རལ་བ་ཅན། མཁས་པའི་དགའ་སྟོན་ལས། ཁྲི་གཙུག་ལྡེ་བརྟན་རལ་པ་ཅན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། མངའ་བདག་ཁྲི་ལྡེ་སྲོང་བཙན། ལྷ་བཙན་པོའི་གདུང་རབས་ལས། ལྷ་སྲས་ཁྲི་རལ་སོགས་འབྲི་ཚུལ་སྣ་ཚོགས་མཆིས། སྐུ་མཆེད་དར་མ་དང་གཙང་མ། ལྷ་རྗེ་ལྷུན་གྲུབ་བཅས་ཡོད་པར་བཤད། |
{{#arraymap:ཁྲི་གཙུག་ལྡེ་བཙན་
|; |@@@ | | }}