4578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་བཀྲ་ཤིས་ལྡེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༣༡༢ ལོར་ཡབ་ཆོས་སྐྱོང་ལྡེ་དང་། ཡུམ་ཀུན་དགའ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། བཤེས་གཉེན་ལ་བསྟེན་ནས་དཔེ་ཡིག་ལུང་གསུམ་ལ་སྦྱངས། བསོད་ནམས་འབུམ་ཁབ་ཏུ་བཞེས། རབ་བྱུང་དྲུག་པའི་ས་སྟག་ཕྱི་ལོ་ ༡༣༣༨ ལོར་ཕུན་ཚོགས་ལྡེ་འཁྲུངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་འབྲུག་ཕྱི་ལོ་ ༡༣༥༢ ལོར་མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས། ཡབ་ཀྱི་དགོངས་རྫོགས་སུ་རྒྱལ་བའི་སྐུ་བརྙན་དང་། ཡུམ་གྱི་ཆེད་དུ་སྒྲོལ་མའི་སྐུ་བརྙན་བཞེངས། བསྟན་འགྱུར་ཡང་གསེར་གྱི་ཡང་ཞུན་གྱིས་བྲིས། རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ་ ༡༣༦༣ ལོར་ལོ་ཆེན་བྱུང་ཆུབ་རྩེ་མོ་སོགས་ཀྱིས་ཞུས་དག་དང་རབ་གནས་མཛད། རྫོང་དཀར་གྱི་ལྕགས་རི་ཕྱི་མ་དང་། ལྕགས་རི་ཆེན་པོའི་ལྕགས་སྐོར། སྟག་ཚང་དཔེའུ་ཆེན་གྱི་ལྕགས་ཁང་ལྕགས་རིའི་འོག་ནས་རྒྱང་རིང་པོར་ཤར་བསྐྱོད་ཐུབ་པའི་དོང་ལམ་དང་། གསང་སྒོ་དཔེའུ། རྫོང་གི་དབུས་དང་། ཆོས་སྡེའི་ནང་དུ་ཁྲོན་ཆུ་བཏོན། རྡོ་ཀྱོང་ཆེན་པོ་སོགས་ཉེ་བར་སྤྱོད་པའི་རིགས་བཅས་ཞིབ་ཚགས་མཛད། གླེགས་ཤིང་ལ་གསེར་རིས་དང༌། བསྡེམ་ཐག་སི་ཏཱ་ཧོ(སི་ཤན་ལས་བཟོས་པའི་ཐག་པ)ལས་བཟོས་པའི་གླེགས་ཐག དཔེ་སྒྲིལ་བཟང་གོས་ཤ་སྟག་ལས་གྲུབ་པ་ཞིག་བཞེངས། གསེར་ཡིག་གིས་བྲིས་པའི་བཀའ་འགྱུར་ཆ་ཚང་བཞེངས་རྒྱུ་འདུན་ཡོད་ཀྱང་། རབ་བྱུང་དྲུག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ལོར་སྐུ་གཤེགས། མང་ཡུལ་གུང་ཐང་གི་རྒྱལ་རབས་བཅུ་གསུམ་པ་ཡིན།