45781
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བི་མ་ལ་མི་ཏྲ་ནི། རྒྱ་གར་གྱི་པཎ་ཆེན་དྲི་མེད་བཤེས་གཉེན་ཏེ། སློབ་དཔོན་བི་མ་ལ་མི་ཏྲའམ། སློབ་དཔོན་བི་མ་ལ་ཞེས་ཀྱང་གྲགས། འདིས་སློབ་དཔོན་པདྨ་སཾ་བྷ་ཝའི་དྲུང་ནས་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་གསན་ཅིང་། སློབ་དཔོན་པདྨ་སཾ་བྷ་ཝ་དང་པཎ་ཆེན་འདི་གཉིས་ཀ་པཎྜི་ཏའི་ཤ་ཚུགས་སུ་སྣང་བ་ཙམ་ལས་ངོ་བོ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་ཡིན་པར་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། ནཱ་གཱ་རྫུ་ནས་པདྨ་སཾ་བྷ་ཝ། དེས་བི་མ་ལ་མི་ཏྲ་ལ་བཤད་དེ། འདི་གཉིས་ཀྱང་གདུལ་བྱའི་དོན་དུ་པཎྜི་ཏར་སྣང་ཡང་། ངོ་བོ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་ཡིན་ནོ། །ཞེས་གསུངས། པཎ་ཆེན་འདི་ཉིད་དགུང་ལོ་ཉིས་བརྒྱར་ཉེ་བའི་སྐབས་ཏེ། ཆོས་རྒྱལ་ཁྲི་སྲོང་གི་སྐུ་རིང་ལ་བོད་དུ་བྱོན་ནས་རྒྱུ་འབྲས་ཐེག་པའི་ཆོས་སྤྱི་དང་། བྱེ་བྲག་ཏུ་གཡུ་སྒྲ་སྙིང་པོས་ལོ་ཙཱ་བ་མཛད་དེ་སེམས་སྡེ་ཕྱི་འགྱུར་བཅུ་གསུམ་བསྒྱུར་བར་མཛད་ཅིང་། ཤིན་ཏུ་ཟབ་པ་མན་ངག་སྙིང་ཐིག་གི་སྐོར་རྣམས་ཆོས་རྒྱལ་དང་ཉང་ཏིང་འཛིན་བཟང་པོ་ལ་ལྐོག་ཏུ་གསུངས་པ་ལས་གཞན་མན་ངག་དེའི་སྣོད་དུ་མ་གྱུར་པས། མ་འོངས་པའི་སྐལ་ལྡན་གྱི་དོན་དུ་ཟབ་པ་པོད་བཞི་སོགས་གསང་བ་སྙིང་ཐིག་གི་སྐོར་རྣམས་བོད་ཡིག་ཏུ་བསྒྱུར་ནས་མཆིམས་ཕུའི་དགེ་གོང་དུ་སྦས། བོད་དུ་ལོ་བཅུ་གསུམ་རིང་བཞུགས་ཤིང་། ལོ་བརྒྱ་བརྒྱ་ན་བོད་དུ་སྤྲུལ་པ་རེ་བྱོན་ནས་སྙིང་ཐིག་གི་བསྟན་པ་གསལ་བར་མཛད་པ་ཞལ་གྱིས་བཞེས་ནས་རྒྱ་ནག་རི་བོ་རྩེ་ལྔར་བྱོན། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་སླར་ཡང་རྒྱ་ནག་ནས་གདན་དྲངས་ཏེ་བོད་དུ་བྱོན་ཚུལ་ཕུར་པའི་ལོ་རྒྱུས་སུ་གསལ། སློབ་དཔོན་འདི་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་གྲུབ་པས་ཐུབ་པའི་བསྟན་པ་ཇི་སྲིད་གནས་ཀྱི་བར་སྐུ་ལུས་དེ་ཉིད་ཀྱིས་བཞུགས་པར་གྲགས། སློབ་དཔོན་བི་མ་ལ་མི་ཏྲ་རྒྱ་ནག་དུ་གཤེགས་ནས་ལོ་ལྔ་བཅུ་རྩ་ལྔ་ན་ཉང་ཏིང་འཛིན་བཟང་པོ་ཟག་པ་ཟད་པའི་ཕུང་པོར་གྱུར། རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་པའི་ནས་རྔ་མོའི་རྒྱབ་བརྒྱ་ཕུལ་བ་ལ་བརྟེན་ནས་ཉང་གིས་དབུ་རུ་ཞྭའི་ལྷ་ཁང་བཞེངས། གདམས་པའི་དཔེ་རྣམས་དེ་ཉིད་ཀྱི་ཀེའུ་ཚང་རིམ་པ་གསུམ་གྱི་སྒོའི་ཀ་བའི་ཁོང་དུ་སྦས། སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་ལ་བཤད་དེ། མཐར་ལྷ་ས་བྲག་ལྷ་ཀླུ་ཕུག་ཏུ་འཇའ་ལུས་སུ་ཡལ་བའི་སྐོར། གུར་བཀྲའི་ཆོས་འབྱུང་དང་བདུད་འཇོམས་ཆོས་འབྱུང་དུ་རྒྱས་པར་གསལ། སློབ་དཔོན་འདི་ཉིད་ལས་བརྒྱུད་པའི་མན་ངག་སྙིང་ཐིག་གི་སྐོར་ལ་སློབ་དཔོན་བི་མ་ལ་མི་ཏྲའི་བཀའ་སྲོལ་ཞེས་གྲགས། |