46069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བིས་པ་ངག་དབང་མི་ཕམ་ཟླ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་ཕག་ཕྱི་ལོ་ ༡༧༦༧ ལོར་མདོ་སྨད་མར་ནང་ཚོ་ལྔར་བིས་ཐང་འཇའ་མོའི་རིགས་སུ་འཁྲུངས། ཆུང་དུས་ནས་བིས་པ་དགེ་བཤེས་ཤེས་རབ་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་བཟུང་། བཅུ་གསུམ་པར་ཆོས་གྲྭར་ཞུགས། བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་རྟགས་དག་གསུམ་དང་། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ངག་དང་། མངོན་བརྗོད་བཅས་བསླབས། ཤར་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས་ལས་དགེ་སློང་གི་སྡོམ་པ་མནོས། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་དང་། ཁྲི་རྒན་སྤྲུལ་སྐུ་ངག་དབང་བསྐལ་བཟང་ཡེ་ཤེས་དར་རྒྱས། ཞང་བ་སྒོམ་ཆེན་བློ་བཟང་ཟླ་བ་རྣམས་བསྟེན། མདོ་སྔགས་གཉིས་ལ་སློབ་གཉེར་མཐར་ཕྱིན་པར་མཛད། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་གསན། རོང་དགོན་གྱི་དུས་འཁོར་གསང་སྔགས་དར་རྒྱས་གླིང་གི་ཁྲིར་བཞུགས། བཞི་བཅུ་པར་རོང་བོ་དགོན་གྱི་ཚོགས་ཆེན་ཁྲི་པ་མཛད། རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ ༡༨༠༧ ལོར་སྐུ་གཤེགས། གསུང་རྩོམ་ནི་ཤར་སྐལ་ལྡན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་དང་། ལེགས་བཤད་སྦྲང་རྩིའི་སྙིང་པོ། ཕྱག་ཆེན་གངྒཱ་མའི་འགྲེལ་བ། དྲི་ལན་དོན་གསལ་མེ་ལོང་། འཕྲིན་ཡིག་གི་རྣམ་གཞག་བློ་གྲོས་སྒོ་འབྱེད། རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ཆ་ལག་བཅས་ཆོས་ཚན་ཆེ་ཆུང་ཞེ་བཞི་ཅན་གྱི་པོད་གསུམ་བཞུགས།