46197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུ་སྟོན་རིན་ཆེན་གྲུབ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༢༩༠ ལོར་གཙང་ཤབ་སྨད་སྒོམ་གནས་ཞེས་པར་འཁྲུངས། དགུང་ལོ་བདུན་པར་ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེངྒེའི་དྲུང་དུ་སེམས་བསྐྱེད་དང༌། བརྒྱད་པར་སྨིན་བྱེད་ཀྱི་དབང་ཟབ་མོ་མནོས། བཅོ་བརྒྱད་པར་མཁན་ཆེན་སེངྒེ་དཔལ་དང༌། སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་ཏུ་བྱུང༌། མཁས་དབང་བསོད་ནམས་མགོན་པོའི་དྲུང་ནས་ཕར་ཚད་སོགས་སྦྱངས། ཉེར་གཅིག་པར་ཡབ་ལྷན་དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང༌། ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེངྒེ་དང༌། འཇམ་སྐྱ་སོགས་ལུང་རིགས་ཀྱིས་ཕན་པས་ཕ་བུ་སྟོན་དུ་གྲགས། གཞན་ལས་ཕ་སྟོན་པ་ལ་བུ་སྟོན་པར་འདུག་ཅེས་བསྔགས་པས་བུ་སྟོན་དུ་གྲགས་ཞེས་འབྱུང༌། སྐྱེས་ཆེན་བླ་མ་མང་པོ་བསྟེན། རིག་གནས་སྤྱི་ལ་མཁས་པར་སྦྱངས། སོ་གཅིག་པར་ཞ་ལུའི་འཛིན་སྐྱོང་གནང༌། ཞ་ལུ་རི་ཕུག་བཏབ། རི་ཕུག་ཏུ་ཚོགས་པ་བརྒྱ་དྲུག་ཅུ་དང༌། ཞ་ལུར་སུམ་སྟོང་བརྒྱད་བརྒྱ་རེ་འདུས། རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་དེ་ཞ་ལུ་རི་ཕུག་ཏུ་བཞུགས། གསུང་རྩོམ་སྣ་ཚོགས་པོད་ཉི་ཤུ་རྩ་དྲུག་ཙམ་པོ་ཏཱ་ལའི་ཞོལ་པར་ཁང་དུ་ཡོད། གསོ་རིག་སྐོར་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་བརྩམས་པའི་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་རྣམ་པར་ཐར་བ་སྙིམ་པའི་མེ་ཏོག་ཅེས་པའི་ནང་འཁོད་ཡོད་པ་དང༌། ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པར་མཆན་མཛད་པ་ཡོད་ལ། ད་དུང་བུ་སྟོན་གྱི་སྨན་གྱི་བཀའ་བབས་སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གིས་ཡན་ལག་བརྒྱད་པའི་དཀའ་གནད་ཀྱི་མཆན་འགྲེལ་ཞེས་པའང་ཡོད་ཅེས་འཁོད་འདུག་པས་བུ་སྟོན་རིན་པོ་ཆེ་ལ་སྨན་གྱི་ཕྱག་བཞེས་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་ངེས། དོན་བཞི་ནས་སྐུ་མཚམས་བཅད་དེ་ཉིན་མཚན་མེད་པར་ཙོག་པར་བཞུགས། དབུ་སྔས་མེད་པར་ཉམས་བཞེས་ལ་གཅིག་ཏུ་གཞོལ། དོན་ལྔ་པ་རབ་བྱུང་དྲུག་པའི་ཤིང་འབྲུག་ཕྱི་ལོ་ ༡༣༦༤ ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་ཞ་ལུ་རི་ཕུག་ཏུ་གཤེགས།

{{#arraymap:བུ་སྟོན་རིན་ཆེན་གྲུབ་

|; |@@@ | | }}