46648

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོང་ང་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་ཆུང་ལ་རྟིང་པ་རིང་ཞིང་གསར་རྙིང་འབྱར་ནས་སྐྱེ་བ་དང༌། ལོ་མ་སྔོ་ལྗང་སྲབ་ཅིང་སྣུམ་འཇམ་ཅན་སྒོར་ཆུང་རྒྱབ་སྐྱ་བའི་མཐར་ཉག་ག་ཞིབ་པའམ་སྦལ་ལག་འདྲ་བ་ཡོད་པ། ངར་པ་ཅུང་རིང་བ་ལོ་མ་བཞི་ལྔ་ཙམ་གཞི་རྩ་ནས་སྐྱེས་ཏེ་རྟིང་པས་སྡོང་པོ་བཏུམས་པ་དང༌། སྡོང་པོ་ལྗང་སྨུག་ཕྲ་ལ་རིང་བར་ཡལ་ག་མེད་པ། སྡོང་པོར་སྐྱེ་བའི་ལོ་མ་ཆུང་ལ་ངར་པ་ཐུང་བ་རེས་མོས་སུ་སྐྱེ་བ། མེ་ཏོག་སྔོན་པོ་བྱ་མགོའི་དབྱིབས་ཅན་གསུམ་བཞི་ཙམ་སྡོང་པོའི་སྟོད་ཀྱི་ལོ་མའི་མཚམས་ནས་འཆར་བ། གང་བུ་གཞུ་ཤུབས་འདྲ་བ་ཚོམ་བུར་སྐྱེ་བའི་ནང་དུ་འབྲས་བུ་སྲོ་མ་འདྲ་བ་དཀར་ཞིབ་ཅན་ཡོད་པ་སྟེ། བོད་ཀྱི་ས་ཁུལ་མང་ཆེ་བའི་རི་མཐོ་ཁ་བྱང་བལྟ་ཡིན་པའི་གངས་ཞོལ་དང༌། བྲག་ལྗོངས་ཀྱི་བསིལ་སར་སྐྱེ་བ་མང་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ། གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་གི་ནད་རིགས་དང༌། སྦྲུལ་དང་སྡིག་པ་སོགས་ཀྱི་དུག་ཕོག་པ། རིམས་ཚད་དང༌། མཁྲིས་ཚད། རྒྱུ་ཚད། གཉན་ཚད་སོགས་སེལ་བར་བྱེད་པ་ཡིན།
Domain གསོ་རིག