46886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་གྲུབ་ཡེ་ཤེས་མཚོན་པའི་ནོར་བུའི་ཆོས་བཅུ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལེའུ་སོ་གཉིས་པར་མཚོན་བྱེད་ནོར་བུའི་ཆོས་བཅུ་བཞིའི་སྒོ་ནས་བྱ་གྲུབ་ཡེ་ཤེས་སམ་ནོར་བུ་ལྟ་བུའི་ཡེ་ཤེས་མཚོན་པར་གསུངས་པའི་ནོར་བུའི་ཆོས་བཅུ་བཞི་པོ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ནོར་བུ་རིན་པོ་ཆེ་ལ་དགོས་འདོད་སྐོང་ངོ་བའི་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པ་དང༌། འདོད་པ་ཚིམ་པའི་ལས་བྱེད་པས་བྱ་བ་བྱེད་པ་དང༌། བསམ་པ་དེར་མཐུན་པར་འདོད་པ་འབྱུང་བ་དང༌། ཡོན་ཏན་རྫོགས་པར་ཡོད་པས་དགོས་པ་ཐམས་ཅད་ཚང་བ་དང༌། དེ་ལ་སྤྱོད་པར་དབང་བ་འདོད་པའི་ཡོན་ཏན་གྱིས་ཚིམ་པར་བྱེད་བས་རེ་བ་སྐོང་བ་དང༌། ཡོན་ཏན་སྣང་བ་ལ་དུས་ཀྱི་བར་ཆད་པ་མེད་པས་རྒྱུན་མི་འཆད་པ་དང༌། ལོངས་སྤྱོད་ཀྱིས་སམ་འགྲོ་བ་སྤྲོ་བས་དགའ་བ་བསྐྱེད་པ་དང༌། འདོད་པ་ཇི་སྙེད་པར་འབྱུང་ཡང་འགྲིབ་པ་མེད་པས་དགོས་པ་མི་ཟད་པ་དང༌། སྤྱོད་པའི་འགྲོ་བ་ལོངས་སྤྱོད་ཀྱི་དགའ་བདེ་ལ་དབུལ་བའི་འཇིགས་པ་མེད་པར་བྱེད་པས་བདེ་བ་ལ་འགོད་པ་དང༌། དུས་སྔ་ཕྱི་ངོ་བོ་གྲུབ་ཟིན་པས་ཐམས་ཅད་དུ་གྲུབ་པ་དང༌། ཡོན་ཏན་གྱི་སྣང་བ་འབྱུང་ཡང་ཟིན་པ་མེད་པས་ཐོགས་པ་མེད་པ་དང༌། ཡོན་ཏན་ཟློས་བུར་འབྱུང་མི་དགོས་པར་དུས་གཅིག་ཏུ་གྲུབ་པས་མི་སྐྱོར་བ་དང༌། གང་ལའང་ཆགས་པ་མེད་པར་ཕ་རོལ་ལ་སྣང་བར་བྱེད་པས་རབ་ཏུ་སྦྱིན་པ་དང༌། སྤྱོད་པའི་འགྲོ་བ་དེ་ཡིས་བསམ་པ་བཞིན་དགོས་པ་གྲུབ་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱང་ཚུལ་དེ་བཞིན་དུ་སྦྱར་བར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།