46976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བཏང་ནམ་མཁའ་རྒྱལ་པོ་ (1)
Part of speech མིང་ཚིག
Definition བྱ་བཏང་ནམ་མཁའ་རྒྱལ་པོ་མཆོག་ནི། གཙང་གི་གཡོན་རུ་ལྷོའི་ས་ཆ། ལྕགས་ཞེས་བྱ་བའི་ལུང་པར། ཡབ་དམ་པ་དམར་པོའི་སྐུ་རུས་སུ་འཁྲུངས། (ཐུགས་སྲས་མཁའ་རྡོ་རྗེ་དང་དུས་མཉམ་ལ་ནམ་མཁའ་རྡོ་རྗེའི་འཁྲུངས་ལོ་རབ་བྱུང་བརྒྱད་པའི་མེ་རྟ་ ༡༤༨༦ ལོར་ཡིན་འདུག)། གཞོན་ནུ་ནས་ཤངས་འབའ་རའི་གདན་ས་བ་ནམ་མཁའ་ཆོས་སྐྱོང་གི་དྲུང་དུ། རབ་ཏུ་བྱུང་ཞིང་། མཚན་ནམ་མཁའ་རྒྱལ་པོར་གསོལ། ཞེ་བཅད་དྲག་པོས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱེད་དགོས་སྙམ་པ་ཐུགས་ལ་ཤར་འཕྲལ་དུ། འབའ་རའི་དགོན་པ་ནས་དམ་བཅའ་མང་པོ་ཞིག་བྱས་ནས་བྱོན། རིམ་བཞིན་ལུས་སྲོག་མི་ལྟོས་པའི། ལམ་གྱི་དཀའ་སྤྱད་དྲག་པོས་རྒྱ་ནག་ལ་བྱོན། རི་བོ་རྩེ་ལྔའི་གནས་ཆེན་སོགས་རྒྱ་ནག་ཡུལ་གྲུ་ཐམས་ཅད་དུ་ཕེབས། འཚོ་བའི་ཟས་ཤིན་ཏུ་དཀོན་པས། མི་ཤ།རྟ་ཤ།ཁྱི་ཤ་ལ་སོགས་གཟིགས་ཚད་ཐམས་ཅད་ཚོགས་སུ་རོལ། དབུས་གཙང་གི་གནས་ཆེན། སྒྲུབ་གནས། དགོན་གནས་ཐམས་ཅད་དུའང་ཕེབས་ནས། སྟོད་གནས་ཐམས་ཅད་མཇལ། རྒྱ་གར་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་བྱོན། ཕུ་ལ་ཧ་རིར་ཕེབས་ཤིང་སྨོན་ལམ་རྒྱ་ཆེན་པོ་མཛད། སླར་སྟོད་ལ་བྱོན་པར། དབོན་ནམ་མཁའ་རྡོ་རྗེ་དང་མཇལ། ཆོས་འབྲེལ་ཐོབ། སྟོད་གུ་གེར་ཡང་དགོན་ཞེས་པར། ཐུགས་སྲས་ནམ་མཁའ་དཔལ་འབྱོར་མཇལ། རབ་ཏུ་བྱུང་བའི་སྡོམ་པ་ཡང་ཞུས་ཤིང། སྨིན་གྲོལ་ལུང་གི་སྐོར་སོགས་ཐར་གྲུའི་ཡིག་སྣ་གཅིག་ཀྱང་མ་ལུས་པར་བུམ་པ་གང་བྱོར་གསན། གངས་ཏི་སེའི་རྫུ་འཕྲུལ་ཕུག་ཏུ། ལོ་དྲུག་བདུན་གྱི་བར་དུ་བཞུགས། ཉམས་བཞེས་གཙོ་བོ་ནཱ་རོ་ཆོས་དྲུག་ལ་གནང་བས། རླུང་ལས་སུ་རུང་བའི་རྟགས་ངོ་མཚར་ཅན་མངའ། ཕྱིས་རླུང་སེམས་དབང་ཐོབ་ནམ་མཁའ་རྒྱལ་པོ་ཞེས་ཡོངས་སུ་གྲགས། སྐུ་ཚེ་རིལ་པོར་བྱ་བཏང་ཁོ་ནའི་བརྟུལ་ཞུགས་འཛིན། ཉེ་གནས་ཀྱང་མེད། ཕལ་ཆེར་སྐུ་གཅིག་པུ་བཞུགས། བླ་མའི་བཀའ་བཞིན་སྐྱིད་གྲོང་ཤག་དགོན་དང་། གླང་ཕུག་སོགས་སུ་སྒྲུབ་པ་མཛད་ནས། སྣོད་ལྡན་གྱི་སློབ་མ་འདུས་པ་རྣམས་ལ་ཆོས་བཤད། ཁྲིད་བཏབ་པ་སོགས་མཛད་པས། སྐུའི་སྙན་གྲགས་ཆེར་རྒྱས། འབའ་རའི་སྤྲུལ་སྐུ་ཀརྨ་གསལ་བྱེད་ལ་འབར་ལུགས་ཀྱི་དབང་ལུང་ཁྲིད་བཅས་ཞིབ་པར་གནང། འདི་ཉིད་བསྟན་པ་འཛིན་པའི་ཞལ་སློབ་ཀྱི་གཙོ་བོ་ཡིན་ནོ། །ཆོས་འཆད་པའི་སྐབས་མ་གཏོགས། རང་བཞིན་གྱིས་གསུང་འཕྲོས་ཙམ་ཡང་མི་མཛད་པར། ཐུགས་དམ་གྱི་ངང་ལས་གཡེང་མེད་དུ་བཞུགས། དེ་ནས་གླང་ཕུག་ཏུ། དགུང་ལོ་གོ་གསུམ་པ་ལ་སྙུང་གཞི་སོགས་ཅི་ཡང་མེད་པར། ཐུགས་དམ་ནར་མ་དེ་ཁའི་ངང་དུ། འབྲུག་ལོ་ཟླ་བ་དགུ་པའི་ཚེས་དྲུག་གི་ཉིན་བདེ་བ་ཅན་གྱི་ཞིང་དུ་གཤེགས་སོ། །གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ། འགྲོ་འདུལ་ལས་འཕྲོ་གླིང་པས། དགུང་ལོ་བཅོ་བརྒྱད་པར་ཆོས་ལུང་རི་བོ་ཆེར། མཚུངས་མེད་ནམ་མཁའ་རྒྱལ་པོ་ལ་གཙུག་ཕུད་ཕུལ་བས། མཚན་ནམ་མཁའ་རྡོ་རྗེར་གྲགས། འབའ་ར་བཀའ་བརྒྱུད་ཀྱི་ཟབ་ཁྲིད་གསན་ཅིང་ཐུགས་ཉམས་སུ་བཞེས་ཞེས་གསུངས་པའི་བླ་མ་དེ། འདི་ཉིད་ཡིན་ནམ་སྙམ་པས། དེ་ལྟར་ན་འགྲོ་འདུལ་ལས་འཕྲོ་གླིང་པའང་རྗེ་འདིའི་ཞལ་སློབ་ཏུ་གཏོགས་སོ།