47030
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ས་རྟ་ཕྱི་ལོ་ ༡༨༥༨ ལོར་རྐ་ཕུག་ཉེ་འདབས་བྱ་ཚང་དུ་ཡབ་བློ་གྲོས་དཔལ་བཟང་དང་། ཡུམ་གདོང་རྐོ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུ་ཡབ་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་སྦྱངས། རྗེ་ཐར་ཤུལ་དགེ་འདུན་ཆོས་རྒྱ་མཚོས་བྱ་ཚང་རྒྱལ་མཚན་བཟང་པོའི་སྤྲུལ་སྐུར་ཐུགས་ཐག་བཅད། རབ་བྱུང་ཡང་དེ་ལས་བསྒྲུབས། དགུང་ལོ་བཅུ་གཉིས་པར་བྱ་ཁྱུང་དགོན་དུ་བྱོན། མདོ་བ་དཀའ་བཅུ་བརྩོན་འགྲུས་བཟང་པོ་སློབ་དཔོན་དུ་བསྟེན། པོད་ལྔའི་གཞུང་ལ་ཐུགས་བརྩོན་མཛད། རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། གསེར་ཏོག་ནོ་མིན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་སོགས་ལས་ཆོས་བཀའ་རྒྱ་ཆེར་གསན། མདོ་བ་མཁན་ཆེན་བློ་བཟང་ཚུལ་ཁྲིམས་ལས་བསྙེན་པར་རྫོགས། སོག་ཡུལ་དུ་ཆོས་འཁོར་རྒྱ་ཆེར་བསྐོར། བྱ་ཁྱུང་འདུ་ཁང་ཆེན་མོའི་ཀླད་དུ་རྒྱལ་མཚན་ཆ་གཅིག་དང་། གསེར་ཏོག་དུང་ཆེན་དངུལ་གྱི་ཚིགས་རྒྱན་ཅན། གསེར་གདུང་ཆེན་མོར་གསེར་ལྗང་རྡུང་གི་མཆོད་རྐོང་སོགས་རྒྱ་ཆེར་བསྐྲུན། ང་གཅིག་པ་རབ་བྱུང་བཅོ་ལྔ་པའི་ས་ཕོ་སྤྲེལ་ཕྱི་ལོ་ ༡༩༠༨ ལོར་བྱ་ཁྱུང་དགོན་པའི་ཁྲིར་ཕེབས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། རབ་བྱུང་བཅོ་ལྔ་པའི་ས་བྱ་ཕྱི་ལོ་ ༡༩༠༩ ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་ནག་ནས་ཞལ་བསྒྱུར་ཏེ། སྐུ་འབུམ་དུ་བྱོན་སྐབས་བྱ་ཁྱུང་དགོན་དུ་སྤྱན་དྲངས། དེར་དཔེ་ཁྲིད་དང་། བྱང་ཆུབ་ལམ་རིམ་གྱི་ལྗགས་ལུང་གནང་། རྒྱུན་ཇའི་ཐེབས་སུ་དོང་ཁྲོན་སྟོང་གསུམ་སྦྱོར་འཇགས་དང་། གཅན་རོང་སྟོད་སྨད་ནས་ཇ་ཚུལ་གཉིས་རེའི་དོ་དམ་པ་བསྐོས། ཨ་ར་པ་ཙའི་ལྷ་ཁང་དུ་འཇམ་དབྱངས་བསྙུང་གནས་འཛུགས་རྒྱུའི་ལྗགས་བཀོད་དང་། ཁྲི་ཁར་ཚེ་ལྷ་རྣམ་གསུམ་གྱི་བརྒྱ་ཐང་གསེར་ཞུན་མས་བཞེངས་པ་བྱིན་རླབས་ཀྱི་རྟེན་དུ་གནང་བ་ད་ལྟ་ཨ་ར་པ་ཙའི་ལྷ་ཁང་དུ་བཞུགས། རྒྱལ་དབང་རིན་པོའི་ཆེས་བཀའ་ཤོག་ཕྱག་རྒྱས་བཏབ་པ་དང་། ཐམ་ག་གྲུ་སྒོར་ཐམ་གཡོག་བཅས་གནང་། འདས་ལོ་མི་གསལ། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་གོ་བཞི་པ་ཡིན། གསུང་རྩོམ་ནི་བྱ་ཁྱུང་གདན་རབས་རྩོམ་འཕྲོ་ཅན་དང་བྱ་ཁྱུང་དེབ་ཡིག་བཅས་བཞུགས། |