47059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་ཡུལ་བླ་མ་མཚན་བཟང༌་ (1)
Part of speech མིང་ཚིག
Definition བྱ་ཡུར་འཛོང་བོ་བླ་མ་མཚན་བཟང་ནི། འཛི་ཉིན་ཕྱོགས་ཀྱི་བྱ་ཡུར་ཞེས་པར་ཚེས་བཅུའི་སྐུ་རིན་ཆེན་གྲགས་པ་དང་རུས་གཅིག་པ་བསེ་ཁྱུང་སྦྲའི་རིགས་ཡབ་འཛོང་བོ་ལྷ་བསྲུང་དང་ཡུམ་ལྷ་བཟའ་སྐྱ་ལོ་མ་གཉིས་ཀྱི་སྲས་སྤུན་ལྔའི་ཐོག་མར་མེ་ལུག་ལོར་སྐུ་བལྟམས། སྐུ་ན་ཆུང་བའི་དུས་སུ་རབ་ཀའི་བླ་མ་བྱང་རྡོར་གྱིས་རང་གི་རྩ་བའི་བླ་མས་མཚན་ལ་གྲས་ནས་ཆུང་མིང་འཇིགས་བཟང་ཞེས་བཏགས། དགུང་ལོ་བཅུ་གསུམ་སྐོར་གཙང་ཆེན་གྱི་དངོས་སློབ་ཁུ་བོ་བསྟན་སྐྱོང་གི་དྲུང་དུ་ཡི་གེ་ལེགས་སློབ་མཛད། ངག་དབང་ཆོས་ཀྱི་འཕགས་པ་སྤྱི་བོས་བླ་མར་བཀུར་ཏེ་སླར་ཡང་སྦྱོར་དྲུག་གི་སྔོན་འགྲོ་ནས་སོར་སྡུད་བར་གྱི་ཟབ་ཁྲིད་ཞུས་ནས་ཉམས་ལེན་དང༌། དགེ་ཚུལ་གྱི་སྡོམ་པའང་མནོས། དགུང་གྲངས་སོ་སྟོད་ཙམ་ན་རྔ་ཡུལ་དུ་ཕེབས་ཏེ་འབྲོག་དགེ་ཡོན་ཏན་རྒྱ་མཚོས་མཁན་པོ་མཛད་དེ་དགེ་འདུན་གྲངས་ཚང་གི་མདུན་ནས། བསྙེན་པར་རྫོགས་པའི་སྡོམ་པ་ལེགས་མནོས་ཀྱིས་འདུལ་བ་འཛིན་པ་མཆོག་ཏུ་གྱུར་ཏེ་རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་ཉེར་འཆང་མཛད། ལྷ་བཟོ་རྡོ་རྗེ་འཆང་གི་མདུན་ནས་བདེ་མཆོག་རབ་འབྱམས་ཀྱི་དབང་དང༌། གཤིན་རྗེ་རབ་འབྱམས་ཀྱི་དབང་རིམ་པས་མནོས། ཨ་སྐྱོང་དཔོན་ཁག་དང་བྱང་བླ་བྲང་སྐུ་ཕྱོགས་འཇམ་དབྱངས་བཞད་པ་བཅས་ཀྱིས་འབྱུང་འགྱུར་ལེགས་ཉེས་ལ་ཐུགས་བརྟག་དང་འདི་ཕྱིའི་འཇིགས་སྐྱོབ་ཀྱི་བླ་མར་གུས་པས་བཀུར། མགོ་ལོག་ཏུ་སྐུ་ཕྱོགས་མཁྱེན་སྤྲུལ་བྱོན་པའི་དྲུང་ནས། ཞི་ཁྲོའི་དབང་ལུང་ཁྲིད་གསུམ་ཞུས་ཤིང་ཁོང་ནས་ཀྱང་ཕར་ལ་སྦྱོར་དྲུག་བསྡུས་ཁྲིད་རྗེས་གནང་བྱིན་རླབས་ཡང་མཛད། དགུང་ལོ་དྲུག་ཅུའི་སྐོར་ནས་རང་དགོན་དུ་ཁོང་གིས་རྡོ་རྗེ་སློབ་དཔོན་མཛད་ནས་སྦྱོར་དྲུག་བཙུགས་ཏེ་སྔ་ཕྱི་རིམ་པར་སྒྲུབ་པོའི་ཆོས་ཚན་རྣམས་རྗེས་སུ་ལེགས་བཟུང་མཛད་ནས་དུས་ཀྱི་འཁོར་ལོའི་དབང་ལུང་ཟབ་ཁྲིད་གཙོ་བོར་གྱུར་པའི་བསྐྱེད་རྫོགས་ཀྱི་ཁྲིད་གང་དགོས་གནང་སྟེ་ཆོས་ཚན་གྱི་རིམ་པ་ཐོག་མར་སྦྱོར་དྲུག་པ་བླ་མ་བསྟན་རབ་སོགས་ལྔ་ལ་ཟབ་ཁྲིད་མཛད་བཞིན་དེའི་ལོར་ངག་དབང་ཆོས་འབྱོར་ཞབས་པའི་མདུན་ནས་བདེ་མཆོག་རབ་འབྱམས་ཀྱི་དབང་དང་ཕྱི་ལོར་གཤིན་རྗེའི་རབ་འབྱམས། ནཻ་གུའི་དབང་སོགས་ཀྱང་ཁོང་གིས་ཞུས། དགུང་ལོ་གྱ་བཞི་ཚེས་ཉིན་ཁོང་གིས་བླ་མ་བསྟན་པ་རབ་རྒྱས་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་ནས་ཁྲིད་ཡིག་མཐོང་དོན་ཉིད་ཀྱི་གསོལ་ཀར་དར་བཅས་ཀྱིས་གནང་སྦྱིན་གྱི་སྒོ་ནས་ཞལ་གསུངས་ལས། ཁྱོད་ཀྱིས་ཁོང་གི་རྒྱལ་ཚབ་བྱས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་འདི་ལེགས་སྤེལ་མཛོད་དང་། ནམ་ཞིག་འདི་ལས་ལྷག་པ་འོང་ཚུལ་གྱི་བཀའ་ལུང་གསལ་བོ་དང་། ཆོས་སྐྱོང་སྲུང་མ་གང་དག་བཀའ་གཏད་ཀྱི་སྒོས་ཕྲིན་ལས་ལེགས་བཅོལ་དང༌། རྒྱལ་ཚབ་དམ་པ་ཉིད་ལ་ཕྱག་དབང་མཛད་དེ་ཞབས་བརྟན་ཐུགས་སྨོན་གཟབ་ལྡན་གྱི་ལེགས་སྒོ་རྒྱ་ཆེར་གནང༌། མཐར་དགུང་ལོ་གྱ་བཞིའི་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།