47102
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། བྱ་རྒྱུད་ཀྱི་ཐེག་པ་ནི། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་ལས་དང་པོ་སྟེ། འདི་ལ་ཀྲི་ཡའི་ཐེག་པ་ཞེས་ཀྱང་བྱ་ཞིང་། འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཕྱི་རྒྱུད་སྡེ་གསུམ་ལས་དང་པོ་བྱ་རྒྱུད་ཀྱི་འཇུག་སྒོ་ཆུ་དང་ཅོད་པན་གྱི་དབང་གིས་སྨིན་པར་བྱས་ནས། ལྟ་བ་ཆོས་ཉིད་དག་པའི་ལྷ་ཞེས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས་ཀུན་རྫོབ་ཀྱི་སྣང་ཆ་ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་བསྒོམས་ན་མཐར་ཐུག་དེར་འགྱུར་བར་ལྟ་བས། སྒོམ་པ་དེ་ཁོ་ན་ཉིད་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་ལྟ་བའི་ངང་དུ་འཇོག་པ། ལྷའི་དེ་ཁོ་ན་ཉིད་བྱ་རྒྱུད་ཙམ་པོ་བ་ལ་བདག་བསྐྱེད་མེད་པས་མདུན་བསྐྱེད་ཙམ་དང་། ཁྱད་པར་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་ལྷ་དྲུག་གོ ། ཞེས་ཀྲི་ཡ་ལྷ་དྲུག་གི་སྒོ་ནས་བདག་ཉིད་ལྷར་བསྐྱེད་པའི་མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་། རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་དངོས་གྲུབ་སྒྲུབ་པ་ལའོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་འདི་ལྟར་གཞི་ལ་གཞོལ་བ་བདག་མདུན་ལྷར་གསལ་བ་ལ་དམིགས་ནས། སེམས་ལ་གཞོལ་བ་ལྷའི་ཐུགས་ཀར་ཟླ་དཀྱིལ་སྒོམ་ཞིང་། སྒྲ་ལ་གཞོལ་བ་ཟླ་དཀྱིལ་སྟེང་དུ་སྔགས་ཕྲེང་རང་སྒྲ་དང་བཅས་པ་ལ་སེམས་གཏད་ནས་སྲོག་རྩོལ་བསྡམས་ཏེ་བཟླས་པ་བྱ་བའོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་རང་ཉིད་ལྷར་གསལ་བའི་ཐུགས་ཀར་མེ་འབར་བའི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་བཀོད་པ་མེ་གནས་ཏེ་ལས་བཞི་འགྲུབ་པའི་གཞི་དང་། དེ་ལས་སྔགས་ཀྱི་རང་སྒྲ་སྒྲོགས་པར་བསམ་པ་སྒྲ་གནས་ཏེ་ཞི་གནས་སྒྲུབ་པའི་གཞི་དང་། སྒྲ་དེ་ལ་དཔྱད་ཅིང་གཞིགས་ནས་མཐར་མི་རྟོག་པའི་ངང་དུ་འཇོག་པ་སྒྲ་མཐའི་ཐར་པ་སྟེར་བ་སྟེ། ལྷག་མཐོང་འཆར་བའི་རྒྱུའོ། །སྤྱོད་པ་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་ལ་གཙོ་བོར་སྤྱོད་པས། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |