From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱང་ཆུབ་ཀྱི་ཡན་ལག་བདུན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད། མཐོང་ལམ་དུ་གསར་དུ་མངོན་དུ་གྱུར་པའི་ཡོན་ཏན་གྱི་རིགས་གང་ཞིག བྱང་ཆུབ་ཀྱི་ཆ་ཤས་སུ་གྱུར་པ། དབྱེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག། དེ་བཞིན་དུ། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན། ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་དང་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ཅིང། མཐོང་ལམ་གྱི་གནས་སྐབས་སུ་ནི་མངོན་པར་རྟོགས་པའི་ལམ་དུ་འཇོག་གོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། མཐོང་ལམ་གྱི་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་བདུན་ནི། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པ་མངོན་སུམ་དུ་གསར་དུ་རྟོགས་པའི་མངོན་རྟོགས་ཡིན་པའི་ཕྱིར། ཆོས་ཅན་བཤད་པ་ལ། དམིགས་པ་ནི་འཕགས་པའི་བདེན་པ་བཞིའོ། །ངོ་བོ་ལ་དཔེས་བསྟན་པ་དང་། ཡན་ལག་ཏུ་འགྱུར་ཚུལ་ལོ། །དང་པོ་ལ་དྲན་པ་ཡང་དག་ནི་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ཡིན་ཏེ། ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་ཕྱིར། འཁོར་ལོ་རིན་པོ་ཆེ་བཞིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་དང། བརྩོན་འགྲུས་ཡང་དག་དང། དགའ་བ་ཡང་དག་དང། ཤིན་ཏུ་སྦྱངས་པ་ཡང་དག་དང་། ཏིང་ངེ་འཛིན་ཡང་དག་དང། བཏང་སྙོམས་ཡང་དག་རྣམས་ལ་དཔེ་དང་ཡན་ལག་འགྱུར་ཚུལ་གྱི་སྒོ་ནས་གསུངས་སོ། །གྲོགས་ནི་དེ་གཉིས་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །བསྒོམ་ཚུལ་ནི། སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ་བ་ལ་གནས། ཀུན་འབྱུང་ལ་དམིགས་ནས་དེ་དང་འབྲལ་བར་འདོད་པ་དང་། འགོག་པ་ལ་དམིགས་ནས་མངོན་དུ་བྱེད་པར་འདོད་པ་དང་། ལམ་བདེན་ལ་དམིགས་ནས་ཉོན་མོངས་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བར་གནས་པའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
བྱང་ཆུབ་ཀྱི་ཡན་ལག་བདུན་ (2)
| Part of speech
|
མིང་ཚིག
|
| Definition
|
དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག། ཆོས་རབ་ཏུ་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག། ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག འདིར་བསྟན་བྱང་ཆུབ་ཡན་ལག་དེ་ལ་བདུན་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། དེ་ལ་ཡན་ལག་ཏུ་འཇོག་ཚུལ་མི་འདྲ་བ་བདུན་ཡོད་པའི་དོན་གྱིས་དེ་ལྟར་དུ་བྱས་པའི་ཕྱིར། དེ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་གནས་ཀྱི་ཡན་ལག་ཡིན་ཏེ། ཡན་ལག་ཕྱི་མ་རྣམས་དེ་ལ་བརྟེན་ནས་བྱུང་བའི་ཕྱིར། ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་རང་བཞིན་གྱི་ཡན་ལ་ཡིན་ཏེ། བྱང་ཆུབ་ཀྱི་ཡན་ལག་དེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ངེས་འབྱུང་གི་ཡན་ལག་ཡིན་ཏེ། དེ་ལ་རྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་བྱེད་པའི་ཕྱིར། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། དེས་སེམས་ལ་ཕན་འདོགས་པར་བྱེད་པའི་ཕྱིར། ཕྱི་མ་གསུམ་པོ་དེ་ནི་ཉོན་མོངས་མེད་པའི་ཡན་ལག་ཡིན་ལ། དེ་ཡང་ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཉོན་མོངས་པ་མེད་པའི་གཞིའི་ཡན་ལག་ཡིན་ཏེ། དེ་ཉོན་མོངས་པའི་རྒྱུ་བྱིང་རྒོད་ཀྱི་དངོས་གཉེན་ཡིན་པའི་ཕྱིར། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག་ཡིན་ཏེ། ཉོན་མོངས་པ་སྤོང་བའི་ཚེ་ཏིང་ངེ་འཛིན་བརྟན་པོ་ལ་གནས་པའི་སྒོ་ནས་སྤོང་དགོས་པའི་ཕྱིར། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཉོན་མོངས་པ་མེད་པའི་ངོ་བོའི་ཡན་ལག་ཡིན་ཏེ། ཉོན་མོངས་པའི་བྱིང་རྒོད་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག། །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག། །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར།
|