47272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་གླིང་དགོན་ (1)
Part of speech མིང་ཚིག
Definition བྱང་ཆུབ་གླིང་དགོན་འདི་ནི། དེང་གི་གནས་ཡུལ། བོད་དབུས་སྟོད་དིང་རིའི་ཁུལ་གྱི་གནས་གསུམ་འདུས་པ་རྩིབས་རི་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མཐའ་སྐོར་དུ། སྔར་དགོན་པ་བརྒྱ་རྩ་བརྒྱད་ཡོད་པའི་ཡ་གྱལ། ཤར་ཟུར་ཕུག་དགོན། ལྷོར་བྱང་ཆུབ་གླིང་། ནུབ་གཡུ་ལོ་བཀོད། བྱང་སེང་གེ་བྲག་དགོན་བཅས། དགོན་གནས་བཞི་པོ་ལུང་གཞུང་གཅིག་གི་ནང་ཕན་ཚུན་ཁ་སྤྲོད་དུ་གནས་ཡོད་ཅིང་། བྱང་ཆུབ་གླིང་དགོན་ནི་བར་འབྲོག་ཆུ་བཟང་རིན་པོ་ཆེས་ཕྱག་བཏབ་པར་གྲགས། ཆུ་བཟང་རིན་པོ་ཆེ་སྐུའི་སྐྱེས་རབས་ལྟར་ན། སངས་རྒྱས་ཐམས་ཅད་ཀྱི་བཀའི་སྡུད་པ་པོ་འོད་མཛད་ཡེ་ཤེས་ཏོག་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ། ཕ་དམ་པ་རིན་པོ་ཆེ། པཎ་ཆེན་ནགས་ཀྱི་རིན་ཆེན། མཁས་དབང་འབུམ་རབ་འབྱམས་པ་ཀུན་དགའ་བློ་གྲོས་ཞེས་གྲགས། དེ་ནས་ཀུན་མཁྱེན་པདྨ་དཀར་པོ་དང་རྗེ་ལྷ་རྩེ་བ་གཉིས་ཀའི་དངོས་སློབ་གྲུབ་པའི་ཁྱུ་མཆོག་ཕ་བསྟན་པའི་རྒྱལ་མཚན་ཞེས་པ་དེ་ཉིད། ལ་སྟོད་ཡུལ་ཕ་དྲུག་ཤི་ཞེས་པར་སྐུ་བལྟམས། རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་བར་འབྲོག་ཆུ་བཟང་དུ་སྒྲུབ་བསྟན་གྱི་སྡེ་འཛུགས་པར་མཛད་པས། དེ་ནས་བཟུང་མཚན་བར་འབྲོག་ཆུ་བཟང་པ་ཞེས་ཡོངས་སུ་གྲགས་པ་བྱུང༌། དེའི་སྐུ་སྐྱེ་ལ་རིམ་བཞིན་ངག་དབང་ཐུབ་བསྟན་དབང་པོའི་སྡེ་དང༌། ངག་དབང་འཇམ་དབྱངས་རྒྱལ་མཚན་ནམ་འཇམ་དབྱངས་ཆོས་འཕེལ། མི་ཕམ་ཡེ་ཤེས་རྒྱ་མཚོ་སོགས་ཕེབས་པ་སྟེ། དེ་རྗེས་དགོན་འདིར་སྐུ་གསུང་ཐུགས་རྟེན་དང་བླ་གྲྭ་སོགས་འཕེལ་འགྲིབ་གང་འདྲ་བྱུང་མིན་སོགས་མི་གསལ། ༡༩༦༣ ལོར་གཏོར་བཤིགས་ཐེབས་པ་ཉམས་གསོ་ཐུབ་མེད་པ་བཅས་སོ། །