47641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའི་ས་ (1)
Part of speech མིང་ཚིག
Definition མདོ། ངོ་བོ་སྒྲ་དོན་དང་བཅས་པ་ནི། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཏེ། རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ས་ཞེས་བྱའོ། །དབྱེ་བ་ལ་བསླབ་པས་དབྱེ་བ་ནི་བསླབ་པ་གསུམ་གྱི་རྒྱུ་དང་ངོ་བོ་དང་འབྲས་བུའི་དབྱེ་བས་ས་བཅུ་སྟེ། རྒྱུས་རབ་ཏུ་ཕྱེ་བ་ས་དང་པོ་སྟེ། བསླབ་པའི་རྒྱུ་སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ཕྱིར་རོ། །ས་གཉིས་པ་ནས་དྲུག་པའི་བར་རྣམས་ནི་བསླབ་པའི་ངོ་བོས་རབ་ཏུ་ཕྱེ་སྟེ། ས་གཉིས་པ་དང་གསུམ་པ་གཉིས་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་དང་། ས་བཞི་པ་སོགས་གསུམ་ནི་རིམ་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་དང་བདེན་པ་དང་རྟེན་འབྲེལ་ལ་སོགས་པའི་ཤེས་རབ་གསུམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ས་བདུན་པ་ནས་བཅུ་པའི་བར་ནི་བསླབ་པ་གསུམ་གྱི་འབྲས་བུས་རབ་ཏུ་ཕྱེ་སྟེ། བདུན་པ་ལ་མཚན་འཛིན་མེད་པ་དང་། བརྒྱད་པ་ལ་འབད་རྩོལ་གྱི་མཚན་མ་ཞི་བ་དང་། དགུ་པ་ལ་སོ་སོ་ཡང་དག་རིག་བཞི་དང་། བཅུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་ཡོན་ཏན་གཙོ་བོར་གྱུར་པའི་ཕྱིར། ཕར་ཕྱིན་གྱིས་དབྱེ་བ་ནི་དབུས་མཐར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་ནི་ཡེ་ཤེས་ཀྱི། །འདི་རྣམས་ཕ་རོལ་ཕྱིན་བཅུའོ། །ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་པ་ལྟར་ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད་པའི་རིམ་པས་ཕྱེའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། བྱང་སེམས་ཀྱི་སའི་མཚན་ཉིད། སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་སྒོ་ནས་རྟོགས་པ་ཕྱི་མ་དང། ཡོན་ཏན་གྱི་རྟེན་བྱེད་པའི་ཉམས་ལེན་ཁྱད་པར་ཅན་ཏེ། འཇུག་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པ་ཉིད་ཆར་རྣམ་པར་ཕྱེེ་བ་ན་ས་ཞེས་བྱ་བའི་མིང་ཐོབ་སྟེ། ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ་ཞེས་གསུངས་ཤིང། མོས་སྤྱོད་ཀྱི་ས་ནི་སའི་མིང་གིས་བཏགས་པ་ཡིན་ཅིང། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་མཁྱེན་པས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པས་ན། ཀླན་ཀའི་གནས་གང་ཡང་མེད་དོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ།
Domain ཆོས་ལུགས།