47913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པ་འབུམ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་གསུམ་པའི་ས་ཕག་ཕྱི་ལོ་ ༡༡༧༩ ལོར་འབྲི་ཟླ་ཟལ་མོ་སྒང་དུ་རྔུ་པའི་རུས་ལས་སྐུ་འཁྲུངས། ཆུང་ནས་དམ་པའི་རིགས་སད། ཡི་གེ་འབྲི་ཀློག་ཐོགས་མེད་མཁྱེན། ཐོས་པ་སློབ་གཉེར་ལ་དཀའ་ཚེགས་མ་དགོས་པར་མཁས་པའི་ཕུལ་དུ་གྱུར། ཆོས་རྗེ་རིན་པོ་ཆེ་ལས་རབ་ཏུ་བྱུང༌། དགུང་ལོ་ཞེ་བརྒྱད་པར་ཀུན་མཁྱེན་དམ་པ་རིན་པོ་ཆེའི་མདུན་ནས་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། གཞན་ཡང་བླ་མ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན་སྦྱོང་མཛད། ཁྱད་པར་ཆོས་རྗེ་རིན་པོ་ཆེ་ལས་བཀའ་བསྟན་མདོ་རྒྱུད་དང་བཅས་པ་དང་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་གཞུང་བཤད་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན། མཁས་དང་གྲུབ་པའི་ཡོན་ཏན་ཡོངས་སུ་རྫོགས། ཆོས་རྗེ་རིན་པོ་ཆེའི་གདན་སར་ལོ་ཉི་ཤུ་རྩ་དྲུག་བར་བསྐྱངས། སྟོད་དབུས་གཙང་དང༌། སྨད་ཤར་ཙོང་ཁ། མི་ཉག འཇང༌། རྒྱལ་མོ་རོང་སོགས་ཕྱོགས་ཀྱི་དགེ་འདུན་པ་སྟོང་ཕྲག་མང་པོ་རབ་ཏུ་བྱུང༌། འདུལ་བ། དབུ་ཚད། མངོན་པ་སོགས་མདོ་སྐོར་དང༌། བདེ་དགྱེས། དུས་འཁོར་སོགས་གསར་རྒྱུད། ཁྱད་པར་མདོ་སྒྱུ་སེམས་གཙོ་བོར་དར་བ་སྟེ། བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་སྡེ་སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་སོགས་སྒྱུ་འཕྲུལ་སྡེ་བརྒྱད། ལུང་ཨ་ནུ་ཡོ་ག་ལ་སྤྱི་མདོ་དགོངས་པ་འདུས་པ་སོགས་རྩ་བའི་མདོ་ལྔ༌། རྫོགས་ཆེན་ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་སྡེ་གསུམ་སེམས་སྡེ་ལ་སྔ་འགྱུར་ལྔ་དང༌། ཕྱི་འགྱུར་བཅུ་གསུམ་རྣམས་དང༌། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་རྒྱུད་བཅུ་བདུན་སོགས་ཀྱི་དགོངས་པ། པདྨ་དང༌། བི་མ། བཻ་རོ་གསུམ་གྱི་བཀའ་སྲོལ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་སོ་ཟུར་གནུབས་གསུམ་ནས་ལེགས་པར་བརྒྱུད་པ་ཆོས་རྗེ་ཀཿཐོག་པའི་ཕྱག་སྲོལ་ལྟར་ཤིན་ཏུ་དར་ཞིང་རྒྱས་པར་མཛད། དེའི་སྐབས་བྱང་ཆུབ་སེམས་དཔའ་སྤོམ་བྲག་པའི་བཀའ་བཞིན་ཀརྨ་པ་པཀྵི་ཀཿཐོག་ཏུ་ཕེབས། ཀཿཐོག་གི་ས་གཞི་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཤ་སྟག་ལས་ས་རྡོ་ཕལ་བ་ཡེ་མ་གཟིགས། ཀརྨ་པའི་ཆིབས་པས་ཕྱག་འཚལ་བས་རྡོ་ལ་རྟ་རྗེས་དང་ས་དེ་ལ་རྟ་ཕྱག་གདོང་ཞེས་གྲགས། ཀརྨ་པ་རི་ཕ་ཀིར་ནགས་གསེབ་ཏུ་བྱ་ལྟར་འཕུར་བས་རྡོ་ལ་སྐུ་ལུས་ཀྱི་རྗེས་ཡོངས་རྫོགས་བཞུགས། གཙུག་ལག་ཁང་དུ་གསང་བདག་བྱམས་པ་རིན་པོ་ཆེས་མཁན་པོ་དང་བསོད་ནམས་འབུམ་གྱི་སློབ་དཔོན་མཛད་དེ་བསྙེན་པར་རྫོགས་མཚན་ཆོས་ཀྱི་བླ་མ་གསོལ། དེའི་ལོ་རྒྱུས་ཀརྨ་པ་པཀྵིའི་རྣམ་ཐར་ལྷའི་རྔ་ཆེན་ལས་གསལ་བ་ལྟར་ལགས། རྒྱ་ར་བ་ཀློང་ཆེན་པས། ཀརྨ་པ་པཀྵིའི་རྙིང་མའི་བླ་མ་ཁམས་ཀྱི་ཀཿཐོག་པ་བྱམས་པ་འབུམ་ལས་བསྙེན་རྫོགས་དང༌། རྫོགས་ཆེན་དང༌། རྙིང་མའི་མ་ཕུར་སོགས་ཞུས་ནས་ཐུགས་ཉམས་སུ་བཞེས་ཞེས་གསུངས་པ་ལྟར་དབང་དང་གདམས་ངག་མང་པོ་གསན། ཁྱད་པར་དུ་དམ་ཅན་མགར་བ་ནག་པོའི་བཀའ་གཏད་ཟབ་རྒྱ་ཅན་གནང་བའི་རྒྱུན་ད་ལྟ་རིན་ཆེན་གཏེར་མཛོད་དུ་བཞུགས་པ་དེའོ། །སློབ་མའི་གཙོ་བོ་བསོད་ནམས་འབུམ་གདན་སར་བརྐོས་ནས། དགུང་ལོ་དོན་བཞི་པ་ཆུ་བྱི་ཕྱི་ལོ་ ༡༢༥༢ ལོའི་སྨིན་ཟླའི་ཚེས་བཅུ་བཞི་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །