47928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་པའི་རྣམ་པ་ལ་ཞུགས་པའི་སེམས་ཀྱིས་ཡོངས་སུ་སྤོང་བའི་གནས་ཉི་ཤུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྡོམ་པ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ བུད་མེད་ཡོངས་སུ་སྤོང་ཞིང་སུ་དང་ཡང་སྤྲོད་པར་མི་བྱེད་ལ་སུ་དང་ཡང་འཐམ་པར་མི་བྱེད་ཅིང་། སྨྲ་བ་ལ་ཕྱིར་སྨྲ་བར་མི་བྱེད་པ། ༢ ཕ་མ་ལ་མི་གུས་པར་མི་འགྱུར་བ། ༣ སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མི་གུས་པར་མི་འགྱུར་བ། ༤ ཉི་ཤུར་མ་ཚང་བར་བུད་མེད་ཀྱི་འཁོར་ལ་ཆོས་མི་འཆད་ཅིང་། གལ་ཏེ་སྐྱེས་པའི་གནས་ན་གནས་པར་གྱུར་པ་ན་དེའི་ཚེ་ཆོས་སྟོན་པ་དང་། དགེ་སློང་མའི་ཕུན་སུམ་ཚོགས་པར་ཐམས་ཅད་དུ་འགྲོ་བ་མི་བྱ་བ། ༥ དགེ་སློང་མས་དྲིས་པའི་ལན་གདབ་པར་མི་བྱ་བ། ༦ བུད་མེད་ཀྱིས་ཡི་གེ་བྲི་བར་མི་བྱ་བ། ༧ གསོལ་བ་མ་བཏབ་པར་སྦྱིན་པར་མི་བྱ་བ། ༨ གཉེན་འདབ་ཀྱིས་མགྲོན་དུ་བོས་པ་རྣམས་རྣམ་པ་ཐམས་ཅད་དུ་བདག་གིར་མི་བྱ་བ། ༩ རྣམ་པ་ཐམས་ཅད་དུ་འདོད་ཆགས་དང་བཅས་པས་རྗེས་སུ་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་མདུན་དུ་ཡུད་ཙམ་ཡང་གནས་པར་མི་བྱ་བ། ༡༠ དེ་གཅིག་པུ་དགོན་པར་སོང་སྟེ། རང་གི་ཡུལ་བསྟེན་པ་རྣམ་པ་ཐམས་ཅད་དུ་བརྗོད་པར་མི་བྱ་བ། ༡༡ དགེ་སློང་མས་བསྒུགས་པ་ལ་རྣམ་པར་ཐམས་ཅད་དུ་སླར་བསྒུགས་པར་མི་བྱ་བ། ༡༢ དགེ་སློང་མས་བྱིན་པའི་ཆོས་གོས་རྣམ་པ་ཐམས་ཅད་དུ་བགོ་བར་མི་བྱ་བ་སྟེ། གཞན་དུ་ན་འཁོར་བཞི་པོ་རྣམས་ཀྱི་ནང་ན་འདུག་ཅིང་ཆོས་འཆད་པའི་ཚེ། ཆོས་ལ་དགབ་པར་བྱ་བ་མ་གཏོགས་ཏེ། དེ་ལ་ཡང་དེས་ས་དང་མཚུངས་པའི་སེམས་ཀྱིས་ཡིད་ལ་བྱེད་པར་བསྒྱུར་ནས་སྤྱད་པར་བྱ་བ། ༡༣ ཡང་དེའི་ངོར་བལྟ་བར་མི་བྱ་བ། ༡༤ རྣམ་པ་ཐམས་ཅད་དུ་དགེ་སློང་མས་བྱས་པའི་ཆོས་གོས་ཉན་པའི་གནས་སུ་ཡང་བགྲོ་ཡང་མི་བྱ་བ། ༡༥ ནམ་ཡང་དགེ་སློང་མས་མགྲོན་དུ་བོས་པ་ལ་རྣམ་པ་ཐམས་ཅད་དུ་ཁས་བླང་བར་མི་བྱ་ན། བདེ་བའམ། ནད་མེད་པའི་རང་བཞིན་ལྟ་ཅི་སྨོས་པ། ༡༦ ཡུགས་ས་མོས་མགྲོན་དུ་བོས་པ་ན་དགེ་འདུན་མེད་པར་རྣམ་པ་ཐམས་ཅད་དུ་ཁས་བླང་བར་མི་བྱ་བ། ༡༧ དགེ་སློང་མའི་དབྱར་ཁང་དུ་རྣམ་པ་ཐམས་ཅད་དུ་འཇུག་པ་མི་བྱ་བ། ༡༨ རྣམ་པ་ཐམས་ཅད་དུ་དགེ་སློང་མའི་དབང་དུ་མི་བྱ། གལ་ཏེ་དགེ་སློང་མས་བོས་ནས་ཡང་ལག་པ་བསྣོལ་ལ་མགོ་སྨད་དེ་ཕྱོགས་དེ་ནས་འགྲོ་བར་བྱ་བ་དང་། ཆོས་སྟོན་ཅིང་འདུག་པའི་གན་དུ་དགེ་སློང་མ་རྐང་པ་ལ་ཕྱག་འཚལ་དུ་འོང་ན། སྙམ་པས་གདོང་བཀབ་སྟེ་འདུག་པར་བྱ་ཞིང་། དེས་རྐང་པ་བསྐྱོད་པར་མི་བྱ་སྟེ། སྐྱེས་བུ་དམ་པས་ལུས་དཔའ་བར་མི་བྱའི། རྩེ་གཅིག་ཏུ་ཡིད་ལ་བྱ་བས་སེམས་དཔའ་བར་བྱ་བ། ༡༩ དངོས་པོ་ཐམས་ཅད་ལ་ཀུན་ཏུ་འདོད་ཆགས་ཀྱིས་སེམས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ། ༢༠ ཁོང་ཁྲོ་བའི་སེམས་རྣམ་པ་ཐམས་ཅད་དུ་བསྐྱེད་པར་མི་བྱ་བ་བཅས་སོ། །
Domain ཆོས་ལུགས།