47945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱམས་མེ་ཆོས་སེང་དང་པོ་རྒྱལ་སྲས་ཀརྨ་དོན་འགྲུབ་ (1)
Part of speech མིང་ཚིག
Definition ཁོང་ཐོག་མར་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་དངོས་སློབ། བྱམས་མེ་ལྷ་རྟོགས་ཆོས་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་ཡ་གྱལ། བྱམས་མེ་ཆོས་སེང་གི་སྐུ་ཕྲེང་ཐོག་མ་དེ་ཡིན་ཅིང་། རྗེ་འདི་ཉིད་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས་པ་སྟེ། ཡོངས་འཛིན་འཇམ་དཔལ་དཔའ་བོ་དང་མདོ་ཁམས་པ་ལྔ་པས་མཛད་པའི་འཁྲུངས་རབས་ལས། ཟབ་ཞི་སྤྲོས་དང་བྲལ་བའི་མཁའ་དབྱིངས་སུ། །རབ་དཀར་སྙིང་རྗེའི་འོད་རིས་འབུམ་རྫོགས་པ། །སྲིད་ཀུན་གདུང་བ་ཞི་མཛད་ལྷག་པའི་ལྷ། །སྤྱན་རས་གཟིགས་དབང་རྨད་བྱུང་མཆོག་དེར་འདུད། །ཅེས་མཆོག་སྤྲུལ་འདི་ཉིད་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་ལུང་བསྟན་ལ། དེ་ཉིད་ནཱ་རོ་པའི་དྲུང་དུ་ཁོལ་པོ་རྣལ་འབྱོར་ཙི་ལུ་པ་དང་། མི་ལའི་དྲུང་དུ་སེ་བན་རས་པ། འཕགས་ཡུལ་དུ་བྲམ་ཟེ་ཧུཾ་ཀ་ར། ཁད་དར་སྐྱ་བོ། སྟག་ཤམ་ནུས་ལྡན་རྡོ་རྗེ་སོགས་ཀྱི་རྣམ་འཕྲུལ་དུ་ཡོངས་འཛིན་འཇམ་དཔལ་དཔའ་བོ་སོགས་ཀྱིས་བསྔགས། འདི་ཉིད་ནི་ཁམས་སྤྲུལ་ཀརྨ་བསྟན་འཕེལ་ལ་དངོས་སློབ་གདུགས་ཐོགས་པའི་སློབ་མ་བཅུ་གསུམ་དང་། རྒྱ་མཚོ་རྣམ་གསུམ་སོགས་མང་དུ་བྱོན་པའི་ཡ་གྱལ་ལྷ་ཐོག་རྒྱལ་སྲས་ཀརྨ་ཐོག་གདུགས་སམ་བྱམས་མེ་ཀརྨ་བསྟན་འཛིན་བྱ་བ་རྫུ་འཕྲུལ་གྱིས་ནམ་མཁར་འཕུར་ཆོག་པ་ཞིག་ཡོད་པ་དེས། ནང་ཆེན་ཚང་གསང་རྫོང་ལ་ཆགས་པའི་སྔ་ཙམ་དུ་ནིའུ་ལི་ཁ་བྱ་བའི་སར། བྱམས་བརྩེའི་མེ་ཏོག་ཆོས་ལྡིངས་སམ། བྱམས་དགོན་རྣམ་རྒྱལ་ཐེག་ཆེན་གླིང་དགོན་འདི་ཉིད་ཕྱག་བཏབ། ། ལོ་ཚིགས་ངེས་པ་ཅན་མ་མཐོང་ཡང་གོ་ཤྲཱི་ཀརྨ་རབ་བརྟན་གྱི་སྐུ་ཚེའི་སྨད་ཙམ་དུ་ནང་ཆེན་བཏབ་ཅེས་པ་ལྟར་ན། ཕྱི་ལོ ༡༦༠༠ ཡས་མས་སུ་མིན་ནམ་སྙམ། །