47957
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཆོ་གར་གཏོགས་པའི་བྱམས་ལྡན་གྱི་ལྷའི་རྟེན་གཏོར་ཡིན། རྒྱུ་ནི་འབྲུ་དཀར་གྱི་ཕྱེ་ལ་སྨན་སྣ་སོགས་བཏབ་ནས་བཅའ་སྟེ། བཅའ་སྟངས་ནི། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། མཎྚལ་སྟེང་དུ་བཤོས་བུ་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། ཞེས་དང་། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཏོར་མ་གྲུ་བཞི་གཅིག་ལ་ཟླུམ་པོ་བརྒྱད་ཀྱིས་བསྐོར། ཞེས་གསུངས་པས་སྐྱོན་མེད་དེ་དེ་དག་ནི་ལྷ་གཙོ་འཁོར་དང་སྦྱར་བ་དང་། ལྷའི་ཡོན་ཏན་སོགས་ལ་སྦྱར་ནས་མཛད་ལུགས་ཞིག་ཡིན་ནོ། །ཞེས་སོ། །དེའི་མཐུན་རྫས་ནི། དཀར་མངར་གྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། བཅུད་ཀྱི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་མཛེས་ཞིང་བརྒྱན་དགོས་ཏེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། ། |
| Domain | ཆོས་ལུགས། |