48202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིའུ་དགོན་ (1)
Part of speech མིང་ཚིག
Definition བྱིའུ་དགོན་འདི། དེང་གི་གནས་ཡུལ། བོད་དབུས་སྟོད་ཁུལ། སྤུ་ཧྲེང་ཡུལ། སྦར་སྒ་གྲོང་རྡལ། གཞོང་པ་གྲོང་ཚོའི་ཁོངས་གཏོགས། མ་ཕམ་གཡུ་མཚོའི་ནུབ་བྱང་མཚམས་སུ་ཆགས་ཡོད། བཙུན་མོ་བཀའ་ཐང་ལས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ལྷ་ལྕམ་འཕྲུལ་དགུ་སྒྱུར་མ་ཁབ་ཏུ་བཞེས། །བོད་དང་ཞང་ཞུང་གཉིས་ཀྱི་མཚམས་སུ་བྱོན། །མ་ཕམ་གཡུ་མཚོ་ནག་མོའི་འགྲམ་དུ་བཞུགས། །པདྨ་རྒྱས་པའི་ལྷ་ཁང་མཆོད་པ་ཕུལ་སོགས། སློབ་དཔོན་ཆེན་པོ་སྲིན་ཡུལ་དུ་ཕེབས་ཁར། ཕུག་པ་དེའི་ནང་ཞག་བདུན་བཞུགས་ཤིང་བྱིན་གྱིས་བརླབས་པ་དང་། མཚོ་མ་ཕམ་ནས་ཙན་དན་དཀར་དམར་གཏེར་ལས་བཞེས་ཏེ། སྐུ་སྟོད་ཙན་དན་དཀར་པོ་དང་། སྐུ་སྨད་ཙན་དན་དམར་པོ་ལས་གྲུབ་པ་ཉིད་ཀྱི་ཕྱག་བཟོ་གུ་རུ་ང་འདྲ་མ་ཞིག་ཕུག་པ་དེར་བཞུགས་སུ་གསོལ་ཏེ། ཁྱོད་ང་ཡི་ཚབ་ཏུ་འགྲོ་དོན་གྱིས་ཤིག ཅེས་གསུངས་ཏེ་རབ་གནས་མཛད་པའི་སྐབས། སྐུ་དེས་གསུང་བྱོན་ཏེ་ལགས་སོ་གསུངས་པས། སྐུ་འདྲའི་མཚན་ལའང་གུ་རུ་ལགས་སོ་མ་ཞེས་ཐོགས་པས། གསོལ་འདེབས་ལེའུ་བདུན་པ་ལས། སྐུ་ཚབ་རྟེན་ལྔ་བོད་ཀྱི་དོན་ལ་བཞག་གསུངས་པའི་ནང་ནས་གཅིག་ཡིན། སྔ་མོར་དགོན་དེ་རི་དེའི་རྩེ་མོར་ཡོད་ཅིང་། མཚན་ཡང་པདྨ་མཁར་ཞེས་གྲ་རྒྱས་ཕུན་སུམ་ཚོགས་པོ་བྱུང་ཡོད་པར་གྲགས། དེ་རྗེས་ཅུང་ཉམས་ཆག་བྱུང་ཚུལ་དང་། སྐབས་ཤིག་མཚོ་མ་ཕམ་ཤིན་ཏུ་རྒྱས་ཏེ་དགོན་པ་དང་ཆུ་ཚན་དབར་ཟམ་པ་ཞིག་ཀྱང་འཛུགས་དགོས་བྱུང་བས་མིང་ཡང་བྱིའུ་ཟམ་བཟོ་མཁར་དུ་ཐོགས། དེའི་དུས་དམངས་གཞས་ལས་ཀྱང། བཞེངས་པའི་མཁར་དེ་རྣམ་གསུམ་ཡོད། །སྤུ་ཧྲེང་སྟག་ལ་མཁར་དང་གཅིག ། མར་ཡངས་དྲིལ་བུ་མཁར་དང་གཉིས། །བྱི་འུ་ཟམ་བཟོ་མཁར་དང་གསུམ། །ཞེས་གྲགས། སྟོད་ཁུལ་དུ་དམག་འཁྲུགས་ཆེན་པོ་ཞིག་བྱུང་བར་བརྟེན། དགོན་འདི་ཉིད་རྩ་ཐོར་དུ་སོང། སྐུ་ཚབ་རྟེན་ལྔའི་སྐུ་དཀོར་གཉེར་གྱིས་གདན་འདྲེན་ཞུས་ཏེ་བྲོས་ཕྱིན་པ་དང་། དམག་གི་ཉེན་ཁ་ལས་བཟློག་རྗེས་སྐུ་རྟེན་སྒྲུབ་ཕུག་ནང་གདན་དྲངས་པ་ལས་དགོན་པ་དེ་ཙམ་ཉམས་གསོ་མ་ཐུབ་པར་ལུས། སྐབས་དེར་བླ་མ་གངས་རི་བ་ཞེས་པ་ཞིག་གིས་སླར་གསོ་ཞུས་ཏེ་གདན་ས་དེ་ཉིད་སྐྱོང་གནང་མཛད། བླ་མ་གངས་རི་བ་ནི་ལྕོག་གྲྭ་སྐུ་ཕྲེང་གང་རུང་ཞིག་གི་ཞལ་སློབ་ཡིན་ཞིང་། དེ་ནས་བཟུང་གྲྭ་སྡིངས་པོ་ཆེ་ནས་བླ་ཚབ་སོགས་ཕེབས་སྲོལ་དར། རིག་གསར་གྱི་སྔོན་དུ་དགོན་འདིར་གྲྭ་ཚད་བརྒྱད་ཙམ་གྱིས་འབྲུག་པ་བཀའ་བརྒྱུད་པའི་ལུགས་ལྟར་བསྟན་པ་འཛིན་བཞིན་པ་བཅས་སོ། །རྒྱ་ནག་གི་དུས་རྐྱེན་འོག་ཡོད་ཚད་འཐོར་བརླག་ཏུ་སོང་། སླར་ཡང་ཕྱི་ལོ་ ༡༩༨༤ ལོར་དགོན་དེ་གའི་གྲྭ་རྒན་པདྨ་ཆོས་རྒྱལ་ལགས་ནས་གཙོ་བོའི་འགན་འཁུར་འོག དད་ལྡན་མང་ཚོགས་རྣམ་པས་རྒྱབ་སྐྱོར་གནང་བར་བརྟེན། སླར་གསོ་ཞུས་པ་མ་ཟད་གྲྭ་བཙུན་བདུན་བརྒྱད་ཙམ་རྒྱུན་བཞུགས་གནང་གི་ཡོད་འདུག

{{#arraymap:བྱིའུ་དགོན་

|; |@@@ | | }}